
ཡེ་ཤེས་ལྷ་མཚོ།
རྒྱལ་པོ་སྲོང་བཙན་སྒམ་པོ་ནི་བོད་ཀྱི་ལོ་རྒྱུས་ཐོག་མཚན་སྙན་ཡོངས་སུ་གྲགས་པའི་མཁས་མཛངས་རྟུལ་ཕོད་ཀྱི་དཔའ་བོ་ཆེན་པོ་ཞིག་རེད། ཁོང་གིས་སྟོབས་དང་ལྡན་པའི་གཅིག་གྱུར་གྱི་བོད་ཆེན་པོའི་རྒྱལ་ཁབ་དངོས་སུ་བཙུགས་པ་དེས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར་རིག་གནས་སོགས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཁོང་དགུང་ལོ་བཅུ་གསུམ་ཐོག་ཁྲི་ལ་བཞུགས་ནས་ཨབ་ཀྱི་མཛད་འཕྲིན་གྱི་རྒྱུན་བསྐྱངས་པ་དང་། གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་ལྗོངས་འདི་ཁ་ལོ་བསགྱུར་ཏེ། བོད་འབངས་ཀུན་ལ་ངལ་གསོ་བའི་གོ་སྐབས་དང་འཚོ་ཞིང་གནས་པའི་མཐུན་རྐྱེན་གང་ལེགས་སུ་བསྐྲུན་ཞིང་། བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིགས་གནས་སོགས་གང་ཅིའི་ཐད་དར་རྒྱས་ཕུན་སུམ་ཚོགས་སུ་བཏང་བར་བརྟེན་ཁོང་གི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་དེ་དག་རང་རེས་དང་རྣམ་པ་ཀུན་ཏུ་མ་བརྗེད་པར་དྲན་གསོ་དང་དེར་བསྔགས་བརྗོད་ཞུ་འོས་པ་ནི་སྨོས་མི་དགོས་པ་ཞིག་རེད། ཁོང་གི་མཙན་སྙན་ནི་རང་རགྱལ་གྱི་ལོ་རགྱུས་ཐོག་གི་ཆིང་ཧྲི་ཧོང་དང་འབྲ་བར་ཡངས་པའི་ས་ཆེན་པོའི་ཁྱོན་ཀུན་ལ་རླུང་ལྟར་གྲགས་པ་ཡིན།
སྲོང་བཙན་སྒམ་པོའི་ལེགས་མཛད་གལ་ཆེ་ཞིག་ནི་ཡབ་གནམ་རི་སྲོང་བཙན་གྱིས་བཙུགས་པའི་ཐོག་མའི་གཅིག་གྱུར་འབྱུར་བཞིན་པའི་བོད་རྒྱལ་ཁབ་དེ་ཉིད་ཀྱི་ནང་དགྲ་བཏུལ་ནས་སྲིད་དབང་སྲ་བརྟན་དུ་བཏང་ཞིང་། རྒྱལ་ཁབ་ཐོར་ཞིག་ཏུ་འགྲོ་བའི་ཉེན་ཁ་ལས་བསྐྱབས་པ་དེ་རེད། དེའི་སྟོབས་ཀྱིས་བོད་ཆེན་པོའི་རྒྱལ་རབས་འདི་ཉིད་ཁྲི་སྲོང་བཙན་ནས་བཟུང་གླང་དར་མའི་རྒྱལ་སྲིད་མ་ཐོར་བར་དུ་གནས་ཐུབ་པ་བྱུང་། དེ་ཡང་སྲོང་བཙན་སྒམ་པོའི་མེས་པོ་སྟག་རི་གཉན་གཟིགས་ཀྱི་རིང་ལ་བོད་གཅིག་གྱུར་བྱེད་པའི་མཛད་པ་རླབས་པོ་ཆེ་དེའི་འགོ་ཚུགས་མོད། འོན་ཀྱང་སྟག་རི་གཉན་གཟིགས་འཙོ་བཟུགས་ཀྱི་རིང་ལ་དགོངས་གཞི་ཇི་བཞིན་མ་འགྲུབ་པར་སྐུ་ཚེ་འདས་སོང་བས་དེའི་སྲས་གནས་རི་སྲོང་བཙན་གྱིས་རྒྱལ་སྲིང་བཟུང་སྟེ་ཡབ་སྟག་རི་གཉན་གཟིགས་ཀྱིས་སྒྲུབ་ཀྱང་མ་འགྲུབ་པའི་མཛད་འཕྲིན་གྱི་རྒྱུན་བསྐྱངས་ཏེ་གཙང་དང་། དྭགས་ཀོང་། དབུས་ཀྱི་ས་ཆ་ཁག་ཅིག་བཅས་དབང་འོག་ཏུ་བསྡུས་ནས་ཐོག་མའི་གཅིག་གྱུར་གྱི་བོད་རྒྱལ་ཁམས་བཙུགས་སོ།
སྲོང་བཙན་སྒམ་པོས་རྒྱལ་སྲིང་བཞེས་པའི་ཐོག་མའི་དུས་སྐབས་སུ་དབང་སྒྱུར་གྲལ་རིམ་ནང་ཁུལ་དུ་འགལ་བ་ཆེན་པོ་བྱུང་ནས་རྒྱལ་ཁབ་སིལ་བུར་འཐོར་འགྲོ་བའི་ཉེན་ཁ་ཚབས་ཆེན་གནས་ཡོད་སྟབས་སྲོང་བཙན་སྒམ་པོས་བྱ་ཐབས་སྣ་ཚོགས་ཀྱས་ངོ་ལོག་བའི་ས་ཁུལ་མཐའ་དག་ཞོད་འཇགས་སུ་བཏང་ཞིང་། རྒྱལ་ས་ཡང་ལྷ་སར་སྤོས། དེ་ནས་བཟུང་ཁོང་གིས་ཆབ་སྲིད་དང་། དཔལ་འབྱོར་དམག་དོན་སོགས་ཕྱོགས་མང་པོའི་ཐད་ནས་གཅིག་གྱུར་སྲ་བརྟན་དུ་བཏང་བས་བོད་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། ཁོང་གི་ཆབ་སྲིད་ཀྱི་ལིགས་མཛད་གཙོ་བའི་སྟེ་གང་ལ་ཅི་འོས་ཀྱི་ཞི་དྲག་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་གསར་དུ་བཙུགས་པའི་སྲིད་དབང་སྲུང་སྐྱོབ་དང་སྲ་བརྟན་དུ་བཏང་བ་ནི་ཁོང་གི་སྐུ་ལཚེ་ཧྲིལ་པོའི་ལེགས་མཛད་རྗེས་མང་པོའི་ནང་གི་གཙོ་བོ་ཆེ་ཤོས་དེ་ཡིན་པར་སེམས། དེས་ན་འདིའི་སྐོར་གཤམ་དུ་དོན་ཚན་ཁག་གསུམ་ལ་དབྱེ་ནས་འཆད་པར་བྱའོ།
དང་པོ། སྲོང་བཙན་སྒམ་པོའི་ཡབ་མེསཀྱི་དུས་གཅིག་གྱུར་གྱི་བོད་ཆེན་པོའི་རྒྱལ་ཁབ་འཛུགས་རྒྱུ་དོན་དུ་གཉེར་བའི་སྐོར།
སྤྱི་ལོའི་འགོ་ཚུགས་པའི་སྔ་ནུབ་ཏུ་བོད་ཀྱི་ཡུལ་ཡར་ལུང་གི་ཕྱོགས་སུ་ཚོ་པ་ཁག་ཁ་ཤས་ཤིག་མཆིས་པ་ལ་བོད་ཀྱི་ཡིག་ཚང་ལས། “དང་པོ་ལྷ་རི་རོ་ལ་པོའི་རྩེ་ལ་བབས་ཏེ་གཟིགས་པས། གངས་ཡར་ལྷ་ཤམ་པོ་མཐོ་བ་དང་། ཡུལ་ཡར་ལུང་བཟང་བར་མཀྱེན་ནས། བཙན་ཐང་གོང་མའི་རི་ལ་བབས་པས། ཕྱུགས་སྐྱོང་བའི་རྫིའུ་རྣམས་ཀྱིས་མཐོང་སྟེ། རྩར་བྱུར་ནས་གང་ནས་འོང་དྲིས་པས། གནས་ལ་མཛུབ་མོ་ཀེར་བ་དང་། འདི་ནི་ནམ་མཁའ་ནས་འོང་བའི་ལྷ་སྲས་ཡིན་པར་འདུག་པས། འོ་ཅག་རྣམས་ཀྱི་རྗེར་བཅོལ་ལོ་ཟེར་ཏེ། གཉའ་བར་ཁྲི་བྱས་བཏེགས་ནས་འོང་པ་ན། རྗེ་གཉའ་ཁྲི་བཙན་པོ་ཟེར།” ཞེས་བྱུང་སྟེ། འདི་ནི་བོད་ཀྱི་བཙན་པོའི་ཏོག་མ་ཡིན་པར་བཤད་ཅིང་། དེས་ཕོ་བྲང་འུམ་བུ་གླང་མཁར་བརྩེགས། དེ་ལྟར་གཉའ་ཁྲི་བཙན་པོ་ནས་སྟག་རི་གཉན་གཟིགས་བར་ཀྱི་བཙན་པོ་རྣམས་ཡར་ལུང་གི་ཕྱོགས་སུ་དབང་སྒྱུར་བའི་རྗེ་བོ་སྟེ་རུས་རྒྱུ་ཚོ་བའི་དཔོན་པོ་ཡིན་བ་ལས་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་ཡིན་པར་འདོད།
དེ་ནས་བཙན་པོ་རྒྱལ་རབས་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་དུས་སུ་ཁོང་གིས་འཕྱོངས་རྒྱས་སུ་སྐུ་མཀར་ཕྱིང་བ་སྟག་རྩེ་བརྩེགས་པ་དང་དེར་བཞུགས། ཡུལ་དེ་དང་མི་རིང་བའི་ས་ཡར་ཀླུང་གཙང་པོའི་བྱང་རོལ་ན་ཟིང་པོའི་རྗེའི་འབངས་ཁྲི་པང་སུམ་དང་སྟག་སྐྱ་བོ་མཆིས། ཉིན་ཞིག་ལ་སྟག་སྐྱ་བོ་བློན་པོ་ཞིག་གིས་བསད་དེ། ཟིང་ཡུལ་གྱི་རྗེ་བོ་ཁྲི་པང་སུམ་གྱིས་བྱས་ཀྱང་། དེ་ནི་ཆབ་སྲིད་སྐྱོང་བ་ལ་མི་མཁས་པར། བྱ་བ་ཅི་ལ་ཡང་ཕྱིན་ཅི་ལོག་པ་ཤ་སྟག་ཅིག་སྟེ། རྟག་པར་ལེགས་པ་ཉེས་པར་བཅུག །ནེས་པ་ལེགས་པར་བཅུག །མཛངས་ཤིང་སྙིང་ཉེ་བ་ལ་ནི་བློ་གྲོས་བསྟན་ཀྱང་མི་ཉན། དེ་ལྟར་རྗེ་བོ་བླ་ན་སྨྱོས། ཁོལ་པ་ནི་འོག་ན་བཀྲམ། སྐབས་དེར་མྱང་ཙེང་སྐུ་དང་དབས་དབྱི་ཚབ་བྱ་བ་དག་རྗེ་བོ་ལ་ཡི་མི་རགས་བས་སྤུ་རྒྱལ་བོད་ཀྱི་རྒྱལ་པོ་སྟག་རི་གཉན་གཟིགས་ལ་གློ་བ་ཉེ་བར་བྱས་ནས་ཟིང་པོ་རྗེ་ལ་དམག་འདྲེན་པའི་གྲོས་བྱས། ཡིན་ན་ཡང་བཙན་པོ་སྟག་རི་གཉན་གཟིགས་སྐུ་ཚེ་ལས་འདས་པས་དམག་དོན་གྱི་འཆར་གཞི་འགྲུབ་མ་ཐུབ་པར་ལུས། དེ་ནས་སྲས་གནམ་རི་སྲོང་བཙན་གྱིས་སྲིད་བསྐྱངས་ཤིང་། མྱང་ཙེ་སྐུ་དང་དབས་དབྱི་ཚབ་སླར་ཡང་བཙན་པོ་འདི་པའི་དྲུང་དུ་བཅར་ཏེ་རྗེ་བློན་ལྷན་གཅིག་ཏུ་མཉའ་བོར་སྟེ་ཟིང་རྗེ་ལ་དམག་འདྲེན་པའི་དུས་བཏབ་པ་དང། གྲ་སྒྲིག་གི་བྱ་བ་ལེགས་པར་གྲུར་རྗེས་བཙན་པོ་རང་གིས་དམག་ཆིག་ཁྲི་ཙམ་གྱི་ཁ་ལོ་བསྒྱུར་ཏེ། གློ་བུར་དུ་ཟིང་ཡུལ་ལ་དམག་དྲངས། རྒོལ་ཐེངས་གཅིག་ལ་ཟིང་པོ་རྗེ་ཆམ་ལ་ཕབ། ཟིང་པོ་རྗེ་ཀྲི་པང་སུམ་བསད་ནས་ཡུལ་དེ་སྤུ་རྒྱལ་གྱི་དབང་འོག་ཏུ་བསྡུས། དེ་ནི་སྤུ་རྒྱལ་གྱིས་དམག་དྲངས་ཏེ་མངའ་རིས་རྒྱ་བསྐྱེད་དུ་བཏང་བའི་ཐོག་མ་རེད། དུས་དེར་ “ཕག་གི་ཡུང་བ་མན་ཆད། རྒོད་བྲོ་སྣ་ཡན་ཆད་གྱི་ཡུལ་” ལ་དབང་བསྒྱུར་བས་མངའ་ཐང་སྔར་ལས་རྒྱ་ཆེ་བར་སོང་སྟབས་ཆབ་འབངས་རྣམས་ཀྱིས་བཙན་པོ་ “ཆབ་སྲིད་ནི་གནམ་ལས་མཐོ། དབུ་འཕང་ནི་རི་བོ་ལས་བཙན་ཏེ། གནམ་རི་སྲོང་བཙན་” ཞེས་མཚན་གསོལ། དེ་ནས་མི་རིང་བར་གཙང་གི་རྒྱལ་པོ་མར་མུན་གྱི་བློན་པོ་ཁྱུང་པོ་སྤུངས་ཟད་བྱ་བས་མར་མུན་གྱི་མགོ་བཅད་དེ་གཙང་གི་བྲན་ཁྱིམ་ཉིས་ཁྲི་གནམ་རི་སྲོང་བཙན་ལ་ཕུལ་བ་དང། དེའི་རྗེས་སུ་དྭགས་པོ་འབངས་སུ་མངའ་བ་ལས་རེ་ཞིག་བློ་ལོག་པས་གནམ་རི་སྲོང་བཙན་གྱི་བློན་པོ་སེང་གེ་མི་ཆེན་བྱ་བས་བློ་དང་ཐབས་ཀྱི་སྒོ་ནས་དྭགས་པོ་རྣམས་སླར་འབངས་སུ་བཀུག །དེའི་སྐབས་སུ་གཙང་དང་། དྭགས་ཀོང། དབུས་ཀྱི་ས་ཆ་ཁག་གཅིག་སྤུ་རྒྱལ་གྱི་མངའ་ཁོངས་སུ་ཚུད། ཞང་ཞུང་མ་གཏོགས་ཡུལ་གཞན་ཐམས་ཅད་དབང་དུ་འདུས། དེ་ལྟར་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱལ་སྲིད་མ་བསྐྱངས་པའི་གོང་སྟེ་གནམ་རི་སྲོང་བཙན་གྱི་སྐུ་དུས་སུ་བོད་ཁམས་གཅིག་གྱུར་བྱེད་འི་ལས་དོན་རླབས་པོ་ཆེ་མངོན་དུ་འགྱུར་བར་ཐོག་མའི་མཛད་རྗེས་བཞག་པའི་ཚུལ་དེ་ཙམ་ལགས་སོ།
གཉིས་པ། གཅིག་གྱུར་གྱི་བོད་ཆེན་པོའི་རྒྱལ་ཁབ་དངོས་སུ་བཙུགས་ཏེ་སྲིས་དབང་སྲ་བཏོན་ཏུ་བཏང་བའི་སྐོར།
གོང་དུ་བཤད་པ་ལྟར་གནམ་རི་སྲོང་བཙན་གྱི་དུས་སུ་གཅིག་གྱུར་གྱི་བོད་ཆེན་པོའི་རྒྱལ་ཁབ་ཐོག་མར་བཙུགས་ཡོད། གསར་དུ་བཙུགས་པའི་སྲིད་དབང་ད་དུང་སྲ་ཞིང་བརྟན་པ་ཞིག་བྱུང་མེད། དཔེར་ན། གནམ་རི་སྲོང་བཙན་གྱིས་གཅིག་གྱུར་གྱི་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་པའི་མྱང་དང་། དཔའས། གནོན། ཚེས་པོང། ཁྱུང་པོ་ལ་སོགས་པའི་བློན་པོ་གསར་པ་རྣམས་ལ་ཡུལ་དང་འབངས་ཁྱིམ་མང་པོ་བྱ་དགར་གནང་བ་དང་བློན་ཆེན་པོ་སོགས་ཀྱི་གོ་གནས་གནང་བར་སྤུ་རྒྱལ་གྱི་བློན་པོ་རྙིང་བ་རྣམས་ཡི་མ་རངས་བར་དབང་སྒྱུར་གྲལ་རིམ་ནང་ཁུལ་གྱི་ཞག་བློན་གསར་རྙིང་བར་ནང་འགལ་བྱུང་སྟེ། མཐར་ “ཡབ་འབངས་ནི་བཞུས། ཡུམ་འབངས་ནི་ལོག །གཉེན་ཞང་ཞུང་དང་མཛོ་སུམ་པ། དྭགས་པོ་ཀོང་པོ། མྱང་པ་ཀུན་ཀྱང་ངོ་ལོག །ཡབ་གནམ་རི་སྲོང་བཙན་ལ་དུགས་དྲངས་ཏེ་བཀྲོངས།” ཞེས་པ་ལྟར་སྐབས་དེར་དབང་སྒྱུར་གླ་རིམ་ནང་ཁུལ་དུ་སྟོབས་ཤུགས་གསར་རྙིང་བར་དབང་ཆ་འཕྲོག་རེས་བྱེད་པའི་འཐབ་རྩོད་ཛ་དྲག་ཏུ་གྱུར་པར་བརྟེན་གསར་དུ་བཙུགས་མ་ཐག་པའི་རྒྱལ་ཁབ་ཐོར་ལ་ཉེ་བའི་ཉེན་ཁའི་འགག་རྩར་ཐུག་གོ།
སྤྱི་ལོ་ ༦༢༩ ལོར་སྲོང་བཙན་སྒམ་པོ་རྒྱལ་པོའི་ཁྲི་ལ་བཞུགས་རྗེས་མཛད་པ་དང་པོ་ནི། ནང་ཁུལ་གྱི་ཟིང་ཆ་ཞོད་འཇགས་སུ་གཏོང་རྒྱུ་དེ་ཡིན། བཙན་པོ་འདི་ཉིད་ཀྱིས་རང་གི་སྟོབས་ཤུགས་ལ་བརྟེན་པ་དང་། མཛངས་བློན་རྣམས་རང་གི་གྲོགས་སུ་བཀུག་ནས་གཡོ་ཇུས་འདོན་མཁན་དང་ཡབ་ལ་དུག་འདྲེན་མཁན་རྣམས་ཚར་བཅད་པ་དང་། མྱང་མང་པོ་རྗེ་ཞང་སྣང་མངགས་ཏེ་སུམ་པའི་ཡུལ་ལ་དམག་འདྲེན་མི་དགོས་པར་འབངས་སུ་བཀུག །དེའི་རྗེས་བཙན་པོ་སྐུ་ངོ་མས་དམག་དཔུང་བྱང་རྒྱུད་དུ་དྲངས་ནས་རྒྱ་དང་འ་ཞ་ལ་དུང་འཇུག་བྱས་སྟེ་དཔྱ་ཁྲལ་འཇལ་དུ་བཅུག་པས་ཁྱིམ་མཚེས་ཀྱི་རྒྱལ་ཁབ་གཞན་དག་གིས་ཀྱང་བོད་ཀྱི་ཟིལ་ཤུགས་མ་བཟོད་པར་གོང་བཀུར་བ་དང་། མི་རིང་བར་ཞང་ཞུང་དང་གཉེན་མཛད་དེ་རང་ཉིད་ཀྱི་གཅུང་མོ་སད་མ་ཀར་ཞེས་པ་ཞང་ཞུང་གི་རྒྱལ་པོ་ལ་བག་མར་བརྫངས་ཏེ། རྗེས་སུ་དེའི་རྒྱལ་སྲིད་བརླགས་ནས་ཞང་ཞུང་ཡོངས་སུ་རྫོགས་པ་དབང་འོག་ཏུ་བསྡུས་པ་བཅས་བྱས་ནས་སྟོབས་འབྱོར་ལྡན་པའི་གཅིག་གྱུར་གྱ་རྒྱལ་ཁབ་ཅིག་དགོས་སུ་བཙུགས་སོ།
རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱལ་སྲིད་བཟུང་རྗེས་རྒྱལ་པོར་ལྷག་བསམ་རྣམ་དག་བྱེད་མཁན་གྱི་བློན་པོ་རྣམས་ལ་གཟིགས་སྐྱོང་ཆེན་པ་གནང་ཞིང་། རང་གི་སྟོབས་ཤུགས་ཆེས་ཆེར་སྤེལ་ཏེ་ལོག་པར་འཁུ་བ་རྣམས་ལ་རྡུང་རྡེག་དྲག་པོས་ཉམས་དམས་པར་ས། དེན་བྱས་རིང་པ་མ་སོང་བར་སྤྱི་ལོ ༦༣༣ ཙ་ལ་སྲོང་བཙན་སྒམ་པོས་རྒྱལ་ས་ཕྱིང་བ་སྟག་རྩེ་ནས་ལྟ་སར་སྤོས། ཕྱིང་བ་སྟག་རྩེ་ནི་སྤུ་རྒྱལ་གྱི་འབྱུང་གནས་ཡིན་པ་མ་ཟད། རྗེ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་རབས་སུ་ཅུ་སོ་གསུ་གྱི་རྒྱལ་ས་དེ་ཡིན་ལ། བོད་ཀྱི་བཙན་པོ་རིམ་བྱུང་གི་བང་སོ་ཡང་མང་ཆེ་བ་ས་གཉས་དེ་དང་དེའི་ཉེ་བརྒྱུད་དུ་ཡོད། ཡིན་ན་ཡང་གོང་དུ་བཤད་པ་ལྟར་སྲོང་བཙན་སྒམ་པོས་རྒྱལ་སྲིད་བཞེས་མ་ཐག་ཡུལ་དེར་གནས་པའི་བློན་འབངས་ངོ་ལོག་པ་རྣམས་ཀྱིས་ཟིང་འཁྲུག་བསླངས་པ་ཞོད་འཇགས་སུ་བཏང་རུང་དེ་དག་གི་སྟོབས་ཤུགས་ལྷག་ལུས་རྣམས་རྩ་མེད་དུ་སོང་མེད་པས་སྲོང་བཙན་སྒམ་པོས་འབྱུང་འགྱུར་རང་ཉིད་དང་རྒྱལ་སྲིད་ལ་གནོད་པར་དོགས་ཏེ་རྒྱལ་ས་ཕྱིང་བ་སྟག་རྩེ་ནས་ལྷ་སར་སྤོས་པ་མ་ཟད། དམག་དོན་ཐོག་ནས་བཤད་ན་ལྷ་ས་ནི་སྐབས་དེར་འཐབ་ཇུས་ཐད་ལ་གལ་ཆེའི་གནས་བབས་ལྡན་པ་ཞིག་ཡིན་ཞིང་། དུས་དེར་བྱང་གི་ཕྱོགས་ནི་བོད་ཀྱི་དམག་ཤུགས་ཀྱི་རྟེན་གཞི་གཙོ་བོ་ཞིག་ཡིན་པ་དང་། ཡབ་གནམ་རི་སྲོང་བཙན་དང་སྲོང་བཙན་ཉིད་ཀྱི་དུས་སུ་བོད་ཁམས་གཅིག་གྱུར་བྱེད་པར་སྲི་ཞུའི་ནུས་པ་འདོན་མཁན་གཙོ་བོ་ཡང་བྱང་ཕྱོགས་ཀྱི་ཟིང་པོ་རྗེའི་བློན་པོ་སྤུ་རྒྱལ་ལ་མགོ་བཏགས་པོ་རྣམས་ཡིན་སྟབས་བྱང་ཕྱོགས་ཀྱི་དམག་ཤུགས་དམ་འཛིན་བྱེད་པ་དང་བློན་པོ་རྙིང་པའི་གནོད་འཚེའི་འཆིང་རྒྱ་ལས་ཐར་བའི་ཆེད་དུ་རྒྱལ་ས་ཕྱིང་བ་སྟག་རྩེ་ནས་ལྷ་སར་སྤོས་པ་དེ་ནི་སྲོང་བཙན་སྒམ་པོས་སྲིད་དབང་སྲ་བརྟན་དུ་གཏོང་བའི་ཐད་ཀྱི་ཐབས་ཇུས་གལ་ཆེན་ཞིག་རེད།
གསུམ་པ། ཡི་གེ་གསར་བཟོ་དང་ཁྲིམས་ལུགས་གཏན་ལ་བབ་པའི་སྐོར།
མི་རིགས་གང་ཞིག་ཡིན་རུང་རང་གི་ཆབ་སྲིད་དང་། དཔལ་འབྱོར། འཛུགས་སྐྲུན། སེམས་ཁམས་ཀྱི་ངོ་བོ་སོགས་མཚོན་ཐུབ་པའི་རིག་གནས་མེད་པ་ཡིན་ན། དར་ཞིང་རྒྱས་པའི་མི་རིགས་ཀྱི་གྲལ་དུ་འཚུད་མི་ཐུབ། རིག་གནས་ནི་མི་རིགས་ཞིག་སྔོན་ཐོན་ནས་རྗེས་ལུས་གང་ཡིན་མཚོན་པར་བྱེད་པའི་ཚད་གཞི་ཞིག་ཡིན། སྲོང་བཙན་སྒམ་པོའི་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་ད་དུང་གསལ་པོ་མ་ཤེས་ཀྱང་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རིག་གནས་ཚད་ངེས་ཅན་ཞིག་ཏུ་དར་རྒྱས་སུ་སོང་ཡོད་ནི་ལོ་རྒྱུ་དོན་དངོས་ཤིག་རེད། སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱུང་རྗེས་ཁྲིམས་ལུགས་གཏན་ལ་འབེབས་རྒྱུ་དང་སྲིད་འཛིན་སྒྲིག་གཞིག་དང་ལམ་ལུགས་ཆ་ཚང་བ་ཞིག་བཟོ་བ། སྲིད་དབང་སྲ་བརྟན་དུ་གཏོང་བ། དཔལ་འབྱོར་གོང་འཕེལ་དུ་འབྱུང་ཐབས་སོགས་སྤྱི་ཚོགས་ཡར་རྒྱས་གཏོང་བར་ཡི་གེ་ནི་མེད་དུ་མི་རུང་བ་ཞིག་ཡིན་པར་དགོངས་ནས་བོད་ཡིག་གསར་གཏོད་མཛད་རྒྱུའི་ཐབས་ལམ་བཟང་པོ་འདོན་གནང་མཛད་དེ་ཞང་བློན་རྣམས་ཀྱི་བུ་ཕྲུག་རིག་པ་རྣོ་བ་རྣམས་རྒྱ་གར་དང་། བལ་ཡུལ། ཁ་ཆེ་བཅས་ཡུལ་གྲུ་ཁག་ལ་རིག་གནས་སློབ་ཏུ་བཏང་བའི་གྲས་ནས་བློན་པོ་ཐོན་མི་ཨ་ནུའི་བུ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་དུ་བཟོས་པས་རིག་གནས་ཆེས་ཆེར་དར་བའི་དུས་རབས་གསར་བའི་འགོ་ཙུགས། རྒྱལ་པོས་བློན་འབངས་རྣམས་ཀྱི་འགོ་ཁྲིད་ནས་རང་དཔེ་གཞན་སྟོན་གྱིས་སློབ་པར་འབད་པོ་སྟེ་ <<མཁས་པའི་དགའ་སྟོན་>> ལས་ “སྒྲ་དང་ཡི་གེ་རིག་པའི་གནས་རྣམས་ལ། བོད་འབངས་བཟུང་ཕྱིར་སྤྲུལ་པའི་རྒྱལ་པོ་ཉིད། ། ལོ་བཞིར་སློབ་སྦྱོང་ན་ཏན་མཛད་དོ་སྐད།། བློན་འབངས་ཀུན་ཡང་ཡི་གེ་འབྲི་ཀློག་དང་། ཐམས་ཅད་བློ་གྲོས་པད་མ་རབ་ཏུ་རྒྱས།།” ཞེས་བྱུང་བ་བཞིན་ནོ། དེར་ལྟར་བོད་ཡིག་གསར་དུ་བཟོས་པ་དེས་བོདཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཆེན་པོ་བྱུང་ཞིང་། དེ་ནས་བཟུང་བོད་ཀྱི་རིག་པའི་གནས་སྒོ་ཀུན་ནས་དར་རྒྱས་གོང་དུ་འཕེལ་ཏེ་ཕུན་སུམ་ཚོགས་པར་གྱུར་ཏོ།
ཁྲིམས་ལུགས་ནི་སྲིད་དབང་གསར་དུ་འཛུགས་པའམ་སྲིད་དབང་སྲ་བརྣ་དུ་གཏོང་བ་དང་། ཕྱི་ནང་གི་དགྲ་བོའི་གནོད་འཚེ་བཀག་འགོག་བྱེད་པ་བཅས་ཀྱི་ཐད་ལ་ཧ་ཅང་གལ་གནད་ཆེ་བའི་བྱ་བ་ཆེན་པོ་ཟིག་ཡིན་པས་ཆབ་སྲིད་དང་། དམག་དོན། དཔལ་འབྱོར་བཅས་ཕྱོགས་མང་པོའི་ཐད་ཀྱི་ཅུང་ཆ་ཚང་བའི་ཁྲིམས་སྲོལ་གཏན་འབེབས་མཛད།
སྐབས་དེར་ཐོག་མར་གཏན་ལ་ཕབ་པའི་ཁྲིམས་སྲོལ་ནི་ཁོད་སུམ་ཅུ་སོ་དྲུག་སྟེ། བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག བཀའ་གྲོས་ཆེན་པོ་དྲུག ཡི་གེ་ཚངས་དྲུག བཀའ་ཡི་ཕྱག་རྒྱ་དྲུག རྐྱེན་དྲུག དཔའ་མཚན་དྲུག་བཅས་ཡིན། དེ་དག་གི་ནང་ཚན་བཀའི་ཡི་ཁྲིམས་ཡིག་ཆེན་པོ་དྲུག་ནི། ཁྲི་རྩི་འབུམ་བཞེར་གྱི་ཁྲིམས། འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས། མདོ་ལོན་ཞུ་བཅད་ཀྱི་ཁྲིམས། དབང་ཆེན་བཅད་ཀྱི་ཁྲིམས། ཁབ་སོ་ནང་པའི་ཁྲིམས་བཅས་ཡིན། བཀའ་ཡི་ཁྲིམས་ཡིག་དྲུག་གི་དང་པོ་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་ནི། སྲིད་འཛིན་ས་ཁུལ་ཁག་གི་དབྱེ་མཚམས་དང་། དེའི་སྲིད་འཛིན་དང་དམག་དོན་གྱི་སྒྲིག་གཞི། དཔོན་རིགས་ཁག་གི་གོ་གནས་དང་ལས་འགན་བཅས་གཏན་འབེབས་བྱས་པའི་ཁྲིམས་སྲོལ་ལ་ཟེར། དེ་ལ་ཡང་ནང་གསེས་དབྱེ་ན་བདུན་ཡོད་དེ།
དང་པོ། རུ་སྡེ་ཆེན་པོ་ལྔ་སྟེ་སྲིད་འཛིན་སྤྱི་ཁྱབ་ས་ཁུལ་ཆེན་པོ་ལྔར་ཕྱེ་བ།
གཉིས་པ། ཡུལ་གྱི་དབང་རིས་ཞེས་རྒྱལ་བློན་དང་། རུས། རྒོད། ཚོ་པ་ཁག་བཅས་ཀྱི་སྒེར་བཟུང་བྱས་པའི་ས་ཁུལ་རྣམ་པ་བཅོ་བརྒྱད་དུ་ཕྱེ་བ།
གསུམ་པ། རྒོད་ཀྱི་སྟོང་སྡེ་ཞེས་དམག་དཔུན་གི་སྡེ་ཚན་དྲུག་ཅུ་རྩ་གསུམ་ཕྱེ་བ།
བཟི་པ།་བློན་པོ་ཆེ་དགུ་ཞེས་སྲིད་འདིན་སྤྱི་ཁྱབ་རིམ་པའི་དཔོན་རིགས་ཆེ་ཆུང་ཁག་བཅུ་གཉསི་སུ་ཕྱི་བ།
དྲུག་པ། གཡུང་གི་མི་སྡེ་ཞེས་འབངས་མམིའི་ཁོངས་སུ་གཏོགས་པའི་རྗེ་བྲན་རི་པ་ལྔར་ཕྱེ་བ།
བདུན་པ། ས་ཞིང་དབང་བའི་མ་ལུགས་རིམ་པ་དྲུག་ཏུ་ཕྱི་བ་བཅས་ཡིན།
ཁྲིམས་སྲོལ་འདིའི་ནང་བཙན་པོའི་སྲིད་འཛིན་ལམ་ལུགས་དང་བློན་པོའི་གོ་གནས་གཏན་ལ་ཕབ་ནས་བཙན་པོའི་འོག་ཏུ་སྲིད་འཛིན་གྱི་གུང་བློན་ཆེ་ཆུང་དང་ནང་བློན་ཆེ་ཆུང་། བཀའ་བློན་ཆེ་ཆུང་སོགས་བསྐོས་ཤིང་། གོ་གནས་དང་དབང་ཐང་ཆེ་ཆུང་ལྟར་གཡུ་དང་། གསེར། ཕྲ་མེན། དངུལ། རག ཟངས་བཅས་ཀྱི་ཡི་གེ་གནང་སྟེ་གོ་རིམ་གསལ་པོར་ཕྱེ་ཡོད། གཞན་ཡང་ཁྲིམས་སྲོས་སོ་གཅིག་པའི་ནང་རྒོད་དང་། གཡུང་། བྲན་སོགས་རིམ་གྲས་སམ་གྲལ་རིམ་ཀྱི་དབྱེ་བ་གསལ་བར་བྱས། དབུ་རུ་དང་། གཡས་རུ། གཡོན་ཏུ། རུ་ལག སུམ་པའི་རུ་ཆེན་བཅས་སྤྱི་ཁྱབ་རིམ་པའི་སྲིད་འཛིན་པའི་ས་ཁུལ་གྱི་དབྱེ་བ་བསྟན་པ་དང་། དེ་རྣམས་ལ་དབང་སྒྱུར་བྱེད་པའི་དཔོན་རིགས་གོ་གནས་མཐོ་ཤོས་ནི་བློན་ཆེན་ཡིན། དེའི་འོག་ཏུ་དམག་དཔོན་རྒན་གཞོན་བཞི་དང་། རུ་དཔོན། སྡེ་དཔོན། སྟོང་དཔོན། སྟོང་བུ་ཆུང་གི་རྗེ། ལྔ་བརྒྱ་ཆེན་པོ་སོགས་དཔོན་རིགས་མང་པོ་ཡོད། དེ་ནི་དམག་སྲིད་གཅིག་གྱུར་གྱིས་དོ་དམ་གྱེད་པའི་ས་ཁུལ་ཡིན་ལ། སྲིད་དབང་སྲ་ཞིང་བརྟན་པོ་ཞིག་འོང་བའི་ཆེད་དུ་དམག་སྲིད་གཅིག་གྱུར་གྱིས་དོ་དམ་བྱེད་པའི་ས་ཁུལ་ཡིན་ལ། སྲིད་དབང་སྲ་ཞིང་བརྟན་པོ་ཞིག་འོང་བའི་ཆེད་དུ་དམག་སྲིད་གཉིས་ཀ་གཅིག་གྱུར་གྱིས་དོ་དམ་བྱེད་པའི་དམག་ཁུལ་གྱི་མངའ་འོག་ཏུ་གཏོགས་པའི་འབངས་མི་ཡོངས་རྫོགས་རྗེས་གྲབས་དམག་ཡིན་པ་བཅས་ཀྱིས་གསར་དུ་བཙུགས་མ་ཐག་པོའི་སྲིད་དབང་སྲ་བརྟན་གཏོང་བར་ཕན་ནུས་ཧ་ཅང་ཆེན་པོ་ཐོན་ཡོད། གཞན་ཡང་སྲོང་བཙན་སྒམ་པོའི་དུས་སུ་བཟང་ལ་བྱ་དགའ་སྟེར། ངན་ལ་ཆད་པ་གཅོད། མཐོ་བ་ཁྲིམས་ཀྱིས་གནོན། དམའ་བ་ཐབས་ཀྱིས་སྐྱོང་བ་སོགས་ཀྱི་ཁྲིམས་ལུགས་ལམ་སྲོལ་དང་། ཆོས་ལུགས་ཀྱི་ནང་དོན་འདྲེས་པའི་དགེ་བ་བཅུའི་ཁྲིམས་ཀྱང་གཏན་ལ་ཕབ་ཡོད། ཏུན་ཧོང་ནས་ཏོན་པའི་སྲོག་སྟོང་གི་ཁྲིམས་ཡིག་ནི་ཆ་ཚང་བའི་ཁྲིམས་ལུགས་ཤིག་རེད། ཁྲིམས་ཡིག་དེ་དག་སྲོང་བཙན་སྒམ་པོའི་དུས་སུ་མཛད་པ་ཡིན་མིན་ཡི་གེ་དེ་ཉིད་ལས་གསལ་པོར་མི་ཤེས་མོད། ཆ་ཚང་ལ་ཕྲ་ཞིང་ཞིབ་པའི་ཁྲིམས་ལུགས་དེ་བོད་ཀྱི་སྤྱི་ཚོགས་ཧ་ཅང་དར་ཞིང་རྒྱས་པའི་དུས་སུ་བྱང་བ་ཞིག་ཡིན་པ་གདོན་མི་ཟ་བ་མ་ཟད། སྲོང་བཙན་སྒམ་པོའི་སྐུ་རིང་ལ་མཛད་པ་མིན་ནམ་སྙམ། ཁྲིམསལུགས་དེའི་ནང་མི་རྣམས་སྤྱི་ཚོགས་ཀྱི་གནས་བབས་འདྲ་མིན་ཁག་བཅུར་དབྱེ་ནས་དེ་དག་སོ་སོའི་སྲོག་སྟོང་ལ་དངུལ་སྲང་ཅི་ཙམ་འཇལ་དགོས་པ་གསལ་པོར་གཏན་ལ་ཕབ་ཡོད། གལ་ཏེ་ཁྲིམས་སྲོལ་དང་འགལ་ན་སྲོག་གི་རིན་ཐང་གཞིར་བཟུང་ནས་ཆད་པ་གཅོད་པ་སྟེ།
༡༽ཞང་བློན་ཆེན་པོའི་ཤི་སྟོང་ལ་དངུལ་སྲང་ཁྲི་གཅིག་དང་། གསོན་སྟོང་ལ་དངུལ་སྲ་ལྔ་སྟོང་།
༢༽གཡུའི་ཡི་གེ་པ་ཤི་སྟོང་ལ་དངུལ་སྲང་དྲུག་སྟོང་དང་གསོན་སྟོང་ལ་དངུལ་སྲང་སུམ་སྟོང་།
༣༽གསེར་གྱི་ཡི་གེ་པ་ཤི་སྟོང་ལ་དུང་སྲང་ལྔ་སྟོང་དང་གསོན་སྟོང་ལ་དངུལ་སྲང་ཉིས་སྟོང་ལྔ་བརྒྱ།
༤༽ཕྲ་མིན་གྱི་ཡི་གེ་པ་ཤི་སྟོང་ལ་དངུལ་སྲང་བཞི་་སྟོང་དང་གསོན་སྟོང་ལ་དངུལ་སྲང་ཆིག་སྟོང།
༥༽དངུལ་གྱི་ཡི་གེ་པ་སི་སྟོང་ལ་དངུལ་སྲང་སུམ་སྟོང་དང་གསོན་སྟོང་ལ་དངུལ་སྲང་ཆིག་སྟོང་ལྷ་བརྒྱ།
༦༽ རག་གི་ཡི་གེ་པ་ཤི་སྟོང་ལ་དངུལ་སྲང་བཞི་སྟོང་དང་གསོན་སྟོང་ལ་དངུལ་སྲང་ཆིག་སྟོང་།
༧༽ཟངས་ཀྱི་ཡི་གེ་པ་ཤི་སྟོང་ལ་དངུལ་སྲང་སྟོང་གཅིག་དང་གསོན་སྟོང་ལ་དུང་སྲང་ལྔ་བརྒྱ།
༨༽གཙང་ཆེན་དང་རྒོད་ཀྱི་ཤི་སྟོང་ལ་དངུལ་སྲང་སུམ་བརྒྱ། གསོན་སྟོང་ལ་དངུལ་སྲང་བརྒྱ་དང་ལྔ་བཅུ།
༩༽རྒྱལ་འབངས་གཡུང་གི་ཤི་སྟོང་ལ་དངུལ་སྲང་ཉིས་བརྒྱ་དང་གསོན་སྟོང་ལ་དངུལ་སྲང་བརྒྱ།
༡༠༽དམངས་ཀྱི་བྲན་རྒྱ་ལ་གཏོགས་པི་ཤི་སྟོང་ལ་དངུལ་སྲང་བརྒྱ་དང་གསོན་སྟོང་ལ་དངུལ་སྲང་ཉི་ཤུ་སོགས་ལྟ་བུའོ། དེ་ནི་གནས་དུས་དང་དོན་གཞི་དེ་ཉིད་ཀྱི་ངོས་ནས་བཤད་ན་ཧ་ཅང་ཕྲ་ཞིང་ཞིབ་པའི་ཁྲིམས་ལུགས་ཤིག་ཡིན་པ་ཤིན་ཏུ་གསལ། རི་དྭགས་བརྔོན་་ལ་སོགས་པའི་ཐད་ལ་ཡང་ཁྲིམས་དོན་ཞིབ་གསལ་གཏན་ལ་ཕབ་ཡོད་པ་རེད། དཔེར་ན་ “རི་དྭགས་ལ་མདའ་ཆང་ན། རི་དྭགས་ཁུམས་ཞེས་མཆིར་མྱི་གནང་བའི་ཁྲིམས་” དང་ “རི་དྭགས་ལ་མདའི་དཀུས་པ་དང་མདའ་ས་ལས་རྙེད་པའི་ཁྲིམས་” དང་ “རི་དྭགས་ཁོང་ནས། བཏང་བའི་ཁྲིམས་” དང་ “རི་དྭགས་ཁུམས་ན་དོན་དབང་བའི་ཐང་” དང་གོ་རིམ་གྱི་མཐོ་སོས་ཞང་བློན་དང་གོ་གནས་དམའ་ཤོས་དམངས་ཀྱི་བྲན་རྒྱ་ལ་གཏོགས་པ་རྣམས་ཀྱིས་རི་དྭགས་བརྔོན་པའི་ཁྲིམས། དཔེར་ན་ “ཞང་ལོན་དང་དམངས་ཀྱི་བྲན་རྒྱ་ལ་གཏོགས་པ་ཞིག་གིས་རི་དྭགས་ལས་རྩོགས་པ་ལ། མདས་རྡུལ་དེ་ཕོག་སྟེ། གུམ་པ་དང་མ་གུམ་པའི་ཁྲིམས་ ” དང་ “རྒྱ་གཡག་གི་འོག་དུ་ཆུད་པ་འབྱིན་འབྱིན་ཏེ། གཡག་གི་འོག་དུ་ཆུད་པ་དང་། འབྱིན་པ་མྱི་གཉིས་གུམ་པ་དང་མ་གུམ་པའི་ཁྲིམས་” དང། དེ་བཞིན་དུ་འབྲིའི་འོག་ཏུ་ཆུད་པ་ལ་གཞན་གྱིས་ཕྱུང་མ་ཕྱུང་བའི་ཁྲིམས་ལ་སོགས་པ་ཕྲ་ཞིང་ཞིབ་པའ་ཡེ་གེར་བཀོད་པའི་མཐར་བཙན་པོའི་ཕྱག་རྒྱས་བཏབ་པ་དེ་ལྟ་བུ་ཧ་ཅང་མཐོང་དཀོན་པ་མ་ཟད། དེ་ནི་བོད་ཀྱི་སྤྱི་ཚོགས་གོང་དུ་འཕེལ་ཏེ་བོད་ཆེན་པོའི་རྒྱལ་ཁབ་སྟོབས་དང་ལྡན་པ་ཞིག་ཏུ་གྱུར་བའི་མཚོན་རྟགས་ཤིག་ཀྱང་ཡིན།
སྲོང་བཙན་སྒམ་པོའི་དུས་སུ་ཅུང་ཟད་ཆ་ཚང་བའི་ཁྲིམས་ལུགས་གཏན་ལ་ཕབ་པ་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམག་དོན་བཅས་ཕྱོགས་མང་པོའི་ཐད་ཀྱི་སྲིད་སྐྱོང་གི་ཐབས་ཇུས་ཕན་ནུས་ལྡན་པ་སྤྱད་པར་བརྟེན་ཕས་ཀྱི་རྒོལ་བ་གང་འདྲ་ཞིག་གིས་ཀྱང་ཞར་ཡང་ཚུགས་པར་མི་ནུས་པའི་སྟོབས་འབྱོར་མངའ་ཐང་ལྡན་པ་ཞིག་ཏུ་གྱུར་ཡོད་པ་ནི་ཐང་རྒྱལ་རབས་ཀྱི་དོ་ཟླར་ནུས་པ་སྟོབས་ནུས་ལྡན་པ་ཐོག་ནས་གསལ་པོར་མཚོན་ཐུབ། དེས་ན་རྒྱལ་པོ་སྲོང་བཙན་སྒམ་པོས་ཕྱག་བཞེས་མཤད་པའི་ཆབ་སྲིད་སྐྱོང་བའི་ཐབས་ཇུས་དེ་དང་དེ་དག་གིས་སྲིད་དབང་སྲ་བརྟན་དུ་གཏོང་བ་དང་། ཆབ་འབངས་བདེ་བར་གནས་ཐབས། རྒྱལ་ཁབ་སྟོབས་དང་ལྡན་པ་ཞིག་ཡོང་བ་སོགས་ཀྱི་ཐད་ལ་གལ་ཆེའི་ཕན་ནུས་ཐོན་ནས་ཡོད།
སྲོང་བཙན་སྒམ་པོས་བལ་པོ་དང་། ཐང་རྒྱལ་རབས་ལ་གཉེན་འབྲེལ་བཙུགས་སྟེ་ཕན་ཚུན་རིག་གནས་སྤེལ་རེས་དང་། རྒྱ་གར་དང་། བལ་ཡུལ། རྒྱ་ནག་བཅས་ཡུལ་གྲུ་ཁག་ནས་མཁས་པ་མང་པོ་གདན་དྲངས་ཏེ་བཀའ་དང་བསྟན་བཅོས་བསྒྱུར་བཤད་བྱེད་དུ་བཅུག་པ་སོགས་ཀྱི་སྒོ་ནས་ནང་སངས་རྒྱས་པའི་ཆོས་ལུགས་དར་སྤེལ་མཛད་པ་དང་། ར་ས་འཕྲུལ་སྣང་གི་གཙོས་གཙུག་ལག་ཁག་རྟེན་དང་བརྟེན་པར་བཅས་པ་བཞེངས་པ་དང་། རིག་གནས་སྒྱུ་རྩལ་དང་བཟོ་རྩལ་གྱི་རིག་པ་དར་རྒྱས་སུ་མཛད་པ་སོགས་ཀྱིས་བོད་ཁམས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ལ་ཕན་ནུས་ཧ་ཅང་ཆེན་པོ་ཡོད་བཅས་རང་ཅག་ཁ་བ་རི་པ་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བོད་རྒྱལ་སྲོང་བཙན་སྒམ་པོའི་མཛད་འཕྲིན་གཙོ་ཆེ་བ་ཁག་གཅིག་རགས་རིམ་ཙམ་གླེང་བ་རེ་ཞིག་རྫོགས་སུ།
༼༡༩༨༦ ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་ཤོག་གྲངས་ ༦༡ - ༦༩ ནས་བཏུས།༽
0 མཆན།:
Post a Comment
Click to see the code!
To insert emoticon you must added at least one space before the code.