2013-11-25


རྒྱལ་པོ་སྐུ་མཁར་གྱི་ཡར་ཙམ་ན་མི་འགྱུར་རིམན་པོ་ཆེ་ཞེས་པའི་བླ་མ་ཞིག་བད་ཀན་གྱི་སྙུང་གཟི་བཞེས་ནས་ཞིང་ལ་བཤེག་ཁར་ངའི་སྐུ་གདུང་འདིས་མཆོད་རྟེན་ཞིག་བཞེངས་ལ་འདིར་བད་ཀན་གྱི་ནད་ཀྱིས་མནར་བའི་སྐྱེ་འགྲོས་སྐོར་བ་བསགས་ན་ཕན་ཐོགས་འོང་གསུངས་ནས་བཞེངས་པའི་བད་འབུམ་མཅོད་རྟེན་ཞེས་བྱ་ཞིག་ཡོད། གཞན་ཡང་རྒྱ་མ་སྤུ་ལའི་ནང་དུ་དངོས་སྒྲུབ་བསྟན་པ་ཅེས་པའི་བཙུན་མའི་དགོན་པ་ཞིག་མཇལ་རྒྱུ་ཡོད། རྒྱ་མ་ཁྲི་ཁང་ཞེས་པའི་མཁར་གྲོང་གི་ཕྱོགས་བཟི་རིང་ཚད་མདའ་རྒྱང་གང་ལྷག་ཙམ་གྱི་ལྕགས་རིས་བསྐོར་ཞིང་། ལྕགས་རིའི་མཐོ་ཚད་ཐོག་བརྩེགས་བཞི་ཙམ་དང་། ཞེང་ཚད་སྤྱི་ཁྲི་བཞི་ལྔ་ཡོད། ཟུར་བཞིར་སོ་ཁུང་བཞི་དང་། ལྷོ་ངོས་སུ་ཤིན་ཏུ་ཆེ་བའི་རྒྱལ་སྒོ་གཅིག ལྕགས་རིའི་ནང་མཆོད་ཁང་གོང་འོག་གཉིས་དང་། འགྲོ་མགོན་བླ་སློབ་ཀྱི་གདུང་རྟེན་འབུམ་པ་ཆེན་པོ་གསུམ། ༸གོང་ས་སྐུ་ཕྲེར་བདུན་པས་སྐྱེས་སུ་གནང་བའི་ཧོར་ཁང་གི་གཞིས་ཀ། ཀྲི་སྐོར་བཅུ་གསུམ་གྱི་ནང་གསེས་ཁྲི་སྐོར་གྱི་ས་ཁྲི་དང་ཚ་ཁང་། དར་ཆེན། གནམ་རྡི་དཀར་པོའི་རྟེན་ཁང་། ཞོལ་པ་དུས་ཚང་བརྒྱད་སོགས་ཡོད་ཀྱང་ཕལ་ཆེ་བ་རིག་གནས་གསར་བརྗེའི་སྐབས་ཐོར་ཞིག་ཏུ་སོང་། ༡༩༩༡ ལོར་ཧོར་ཁང་བསོད་ནམས་དཔལ་འབར་ལགས་དང་། དགེ་ཤེས་འཇམ་དཔལ་ཡེ་ཤེས། དགེ་བསྐོས་བྱང་ཆུབ་ཆོས་འཕེལ་བཅས་ཀྱི་སྣེ་ཁྲིད་འོག་རྒྱ་མ་ཤང་གི་དད་ལྡན་མང་ཚོགས་ཚོས་དཀའ་སྤྱད་འབད་བརྩོན་གནང་བ་དང་རྒྱ་མ་ཤང་གི་དབུ་ཁྲིད་རྣམ་པའི་ཐུགས་འཁུར་འོག རབ་རྒྱས་གླིང་ཞེས་པའི་དགོན་པ་ཞིག་དང་། འགྲོ་མགོན་བླ་སློབ་གདུང་རྟེན་གཙོ་བཀའ་གདམས་ཁང་བུ་བརྩེགས་པའི་ལུགས་ཀྱི་མཆོད་རྟེན་ཞབས་ནས་དབུ་ཏོག་བར་ཐོག་བརྩེགས་བདུན་ལྡན་ཞིག་ཉམས་གསོ་ཞུས་ཡོད་པ་རེད། མཁར་གྲོང་འདིར་ཧོར་གླིང་གཡུལ་འགྱེད་སྐབས་ཀྱི་སྒྲུང་ཞིག་ཤོད་རྒྱུན་དུ་གྲགས་པ་སྟེ་མཁར་གྲོང་འདི་ནི་ཧོར་གུར་དཀར་རྒྱལ་པོའི་མཁར་གྲོང་ཡིན་པ་དང་། གྲོང་གི་ཤར་ངོས་སུ་གུར་དཀར་རྒྱལ་པོའི་དམག་དཔོན་ཤན་པའི་བླ་རི་ལྕོག་ལྷ་ཚལ་རྩེ་ཟེར་བ་ཞིག་ཡོད་པ། གྲོང་གི་ནུབ་ངོས་སུ་གུར་དཀར་རྒྱལ་པོའི་མགར་བ་ཆོས་དང་གྱི་གཞིས་ཀ་ཡོད། གྲོང་གི་བྱང་ངོས་སུ་གུར་དཀར་རྒྱལ་པོའི་རྩྭར་པད་མ་སྟོང་ལྡན་ཟེར་བ་ཡོད། གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་གྱིས་ཧོར་གུར་དཀར་རྒྱལ་པོ་ཆམ་ལ་འབེབས་ཆེད་ཚོང་པ་ཁག་གཅིག་ལ་སྤྲུལ་ནས་རྩྭར་པད་མ་སྟོང་ལྡན་དུ་ཞག་གཅིག་གནས་མལ་བཅས་པ་དང་། ཕྱི་ཉིན་སྤྲང་པོ་ཞིག་ཏུ་སྤྲུལ་ཏེ་ཇ་རོའི་དཀྱིལ་དུ་ལུས་པའི་ཙུལ་བསྟན་པས་མགར་ཆོས་དར་གྱི་སྲས་མོ་མགར་ས་ཆོས་སགྲོན་གྱིས་མཐོང་ནས་རང་ཁྱིམ་དུ་ཁྲིད་ཏེ་ཕ་ཡི་གཡོག་ཏུ་ཉར་བས་རིམ་བཞིན་གུར་དཀར་རྒྱལ་པོའི་བློན་པོ་དང་རེག་སྟོབས་འགྲན་རྩལ་ཀུན་ལས་རྒྱལ་བ་བྱུང་། གུར་དཀར་རྒྱལ་པོ་མཉེས་ནས་རིམ་གྱི་གནས་སྤར་བྱས་པ་དང་། མཐར་བློན་པོར་བཅུག་ཏེ་མིང་དུ་ཐང་ཇ་རོའི་དཀྱིལ་ནས་རྙེད་པས་ཨ་ཕོ་ཐང་རྙེད་ཟེར་བ་དང་། ཨ་ཕོ་ཐང་རྙེད་ཀྱི་ཐབས་ཤེས་སྣ་ཚོགས་ཀྱིས་གུར་དཀར་རྒྱལ་པོའི་བློན་པོ་དྲག་གྲས་སྟོབས་ཆེན་གླང་པོ་ཁྲ་འབར་དང་། ཤུགས་ཆེན་རི་བོ་པང་འགྱོགས། མགར་བ་ཨ་ནག་ཐེག་སྒྲུབ་སོགས་མེད་པར་བཟོས་པ་དང་། མཐར་ཧོར་གུར་དཀར་རྒྱལ་པོ་ཡང་བསད་དེ་འགྲོ་བ་རྣམས་དཀར་ཕྱོགས་དགེ་བའི་ལུས་སུ་བཀོད་པའི་རྣམ་ཐར་ཡོད། གཞན་ཡང་མཁར་གྲོང་འདི་ནི་དཔའ་སྟོབས་འགྲན་ཟླ་བྲལ་བ་དམག་དཔོན་རབ་བརྟན་དོན་གྲུབ་ཀྱི་རྒྱུད་པ་མི་སྣ་གྲགས་ཅན་མང་པོའི་འཁྲུངས་ཡུལ་ཡིན་པ་དཔེར་ན། དེང་འདིར་མཚོན་ནའང་ཏང་དང་རྒྱལ་ཁབ་ཀྱི་དབུ་འཛིན་གྱི་དབུ་གནས་འཛིན་པ་ང་ཕོད་ངག་དབང་འཇིག་མེད་མཆོག་དང་། བོད་ཀྱི་ཤེས་རིག་ལོ་རྒྱུས་མཁས་པའི་མཁས་དབང་ཧོར་ཁང་བསོད་ནམས་དཔལ་འབར་མཆོག ཁོང་གི་ཐུགས་སྲས་བྱམས་པ་བསྟན་དར་སོགས་ཀྱི་འཁྲུངས་ཡུལ་ཡང་ཡིན། གཞན་ཡང་བསམ་ཡས་གཙུག་ལག་མཇལ་བར་ཕེབས་མཁན་ངེས་པར་དུ་རྒྱ་མའི་ནང་ནས་ཕེབས་དགོས་ཡིན་པའི་གསུང་རྒྱུན་འདུག་པ་ནི་བསམ་ཡས་སུ་ཕེབས་སའི་རྒྱལ་སྒོ་ཕྱི་མ་དང་བར་མ་གཉིས་རྒྱ་མའི་ནང་ཡོད་པས་ཡིན། རྒྱ་མའི་ནང་བསམ་ཡས་སུ་ཕེབས་པའི་སྒོ་དང་པོ་དེ་ཐུགས་ལྕགས་ཞེས་པའི་གྲོང་ནས་མི་རིང་བའི་སར་རི་སྟེང་དུ་བྲག་དམར་པོ་ཞིག་དང་། རི་གཤམ་དུ་ལྷ་ཁ་ཆུང་ཆུང་གཅིག་ཡོད་ས་དེར་ཡིན། གནས་དེར་ཡ་མཚན་ཅན་གྱི་གླ་བ་དང་གཟིགས་སོགས་སྲོག་ཆགས་མང་པོ་ཡོད་ལ་རི་སྟེང་དུ་ལྷ་ཤིང་ཤུག་པ་མོང་པོ་ཡོད། དེ་སྔོན་ཐུགས་ལྕགས་ཀྱི་གྲོང་མི་ཞིག་གིས་གནས་དེ་ནས་ཤུག་སྡོང་གཅིག་བཅད་པས་ཤུག་སྡོང་དེའི་ནས་ནས་ཁྲག་དོན་པ་དང་མི་དེ་ཡང་ཉིན་ཤས་མ་འགོར་བར་ཚེ་ལས་འདས་ཚུལ་དེང་སྐབས་སུའང་དེ་ཁུལ་འགྲོག་ཚོར་ཤོང་རྒྱུན་ཡོད། སྒོ་གཉིས་པ་ནི་གནམ་རྒྱལ་ཀོའི་གཤམ་དུ་སྟེང་ལ་བྲག་དམར་པོ་དང་འོག་ཏུ་ལྷ་ཁང་ཆུང་ཆུང་གཉིས་ཡོད་ས་དེར་ཡིན། གནས་དེར་ཡང་ངོ་མཚར་གྱི་གཏམ་རྒྱུད་མང་པོ་ཡོད། སྒོ་གསུམ་པ་ནི་རྒྱ་མ་དང་བསམ་ཡས་བར་གྱི་རྩིབ་ལ་ཟེར་བ་དེ་ནས་ཧ་ལམ་སྤྱི་ལེ་ ༢༠ ཙམ་གྱི་སར་བྱང་ཐང་ནང་ཟེར་བ་དེར་ལྷ་ཁང་ཆུང་ཆུང་ཞིག་དང་དར་ཆེན་ཞིག་ཡོད་ས་དེར་ཡིན་པ་བཅས་སོ། སྐུ་ཉིད་གནས་ལམ་འདི་བརྒྱུད་ནས་བསམ་ཡས་སུ་ཕེབས་ན་ལམ་བར་གདོད་མའི་དུས་ཀྱི་ཡུལ་ལྗོངས་དང་། ནགས་ཚལ་མེ་ཏོག་དང་བཅས་པའི་ཁྲོད་དུ་བྱ་བྱིའུ་སྣ་ཙོགས་ཀྱི་གསུང་སྙན་སྒྲོག་ལ་བརྗིད་ཆགས་ཀྱི་རི་ལ་རི་རྒྱུད་དང་བག་ཡང་ངོ་མཚར་སུ་གནས་པའི་བདག་མེད་སྲོག་ཆགས་གནས་བཟོས་བདེ་བའི་ཕྱུགས་རིགས་དཀར་ནག་གི་ཁྱུ་ཚོགས་མིག་ལམ་དུ་མཐོང་བས་སྐུ་ཉིད་ལ་ཞི་བདེ་བག་ཕེབས་ཀྱི་སྣང་བ་དབང་མེད་འཆར་སྲིད། ད་དུང་དེ་རྒྱུད་ཀྱི་འབྲོག་པ་ཚོས་དྭངས་གཙང་ལྷད་མེད་ཀྱི་སེམས་པ་མཚོན་པའི་དཀར་གཙང་མཇལ་དར་ལག་གཉིས་ཀྱིས་བཏེགས་ནས་གུས་ལུགས་ཀྱི་རྣམ་འགྱུར་དང་བཅས་ཁལ་གཡག་སྒ་ཆས་བརྒྱན་ཏེ་སྐུ་ཉིད་ལ་ཕེབས་བསུ་ཞུ་བཞིན་ཡོད།
25 Nov 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.