2014-01-06

རྒྱ་མ་བ་གྲགས་པ་རིན་ཆེན་ནི་རྒྱ་མ་རིན་ཆེན་སྒང་དུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་རབ་ཏུ་བྱུང་། དགའ་ལྡན་ཤར་རྩེ་ནོར་གླིང་གྲྭ་ཚང་རྟ་དབོན་ཁང་ཚན་དུ་ཞུགས་ཤིང་། རྒྱ་མ་རིན་ཆེན་སྒང་གི་དགོན་པ་དང་སྒྲིག་ཉིས་འཛིན་མཛད་དེ། དགོན་པ་དེར་སྒྲུབ་རྙིང་གྲྭ་ཚང་དང་། སྒྲུབ་གསར་གྲྭ་ཚང་གཉིས་ཡོད་པའི་ནང་སྒྲུབ་གསར་ཞེས་པ་དེར་མཚན་ཉིད་ཀྱི་བཤད་གྲྭ་ཡང་ཡོད་པ་དེར་སྒྲིགས་ཞུགས་མཛད།

རྟ་དབོན་ཁང་ཚན་ནི་རྗེ་བླ་མའི་དངོས་སློབ་རྟ་་དབོན་ནམ་མཁའ་སེངྒེས་བཙུགས་ཏེ་སྤྱི་ཁང་བཞེངས་པ་དང་། ཀླུ་གནས་པའི་སྙིང་གའི་ཐད་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་བཞེངས་པ་དེར་རྗེ་བླ་མས་རབ་གནས་གནང་བའི་བྱིན་རླབས་ཅན་དུ་བཞུགས་པའི་ཁང་ཚན་ཞིག་ཡིན་པ་དེར་བཞུགས་ནས་མང་ཐོས་རིགས་པ་སྨྲ་བ་དུ་མ་དང་ལྷན་ཅིག་ཏུ་གསན་བསམ་སློབ་གཉེར་རྒྱ་ཆེར་མཛད་དེ་མཁས་པར་གྱུར་པ་ན་དགེ་བཤེས་ཀྱི་མཚན་བཏགས་མཛད། དེ་ནས་རིམ་གྱིས་རབ་བྱུང་བཅུ་བཞི་པའི་མེ་མོ་སྦྲུལ་གྱི་ལོར་ཤར་རྩེ་གྲྭ་ཚང་གི་མཁན་པོའི་ཁྲིར་ཕེབས་ཏེ། རབ་བྱུང་བཅོ་ལྔ་པའི་ཐོག་མ་མེ་མོ་ཡོས་ཀྱི་ལོའི་བར་ལོ་བཅུའི་རིང་ཁྲི་ལོ་མཐར་ཕྱིན་པར་བསྐྱངས་ཏེ། མེ་ཡོས་ལོ་དེར་གསང་ཕུའི་དུས་མཆོད་ཀྱི་མཆོད་སྤྲིན་ཡང་རྒྱ་ཆེར་སྤྲོས། མཁན་ཐོག་འདི་ཉིདཀྱི་སྐབས། ཆུ་ཕོ་ཁྱི་ལོར་འབྲས་སྤུངས་རིགས་གྲྭའི་གཏོང་སྒོའི་སྐོར་ལ་བརྟེན་ནས་དགའ་འབྲས་དྲུང་གསུམ་ཞེས་པ་ཚོགས་ཏེ། རྒྱལ་ཚབ་རྭ་སྒྲེང་ལ་ངོ་རྒོལ་གྱིས་རྭ་སྒྲེང་དམག་འཁྲུགས་སུ་གྲགས་པས་གཞུང་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ལ་ཡོ་ཁྱོམ་ཆེ་ཙམ་བྱུང་བ་དང་། དེ་རྗེས་བཤད་སྒྲ་དབང་ཕྱུག་རྒྱལ་པོས་གཞུང་གི་ཆབ་སྲིད་བསྐྱངས་པ་དང་། དེ་རྗེས་བཤད་སྒྲ་དབང་ཕྱུག་རྒྱལ་པོས་གཞུང་གི་ཆབ་སྲིད་བསྐྱངས་པ་དང་། དེ་རྗེས་ཤིང་བྱི་ལོར་སྡེ་དྲུག་མཁྱེན་རབ་དབང་ཕྱུག་གིས་སྲིད་བསྐྱངས་པ་སོགས་སྲིད་སྐྱོང་སྔ་རྗེས་དང་། དེ་མཚུངས་ཆབ་སྲིད་ལ་འགྱུར་བ་སྣ་ཚོགས་ཞིག་བྱུང་བའི་དུས་སུ་འཁེལ་ཡང་། རྒྱ་མ་བ་དམ་པ་འདི་ཉིད་ནི་ཐུགས་དཀྱིལ་ཤིན་དུ་ཆེ་བས། འཇིག་རྟེན་ཁ་དཔེར། ཕྱེ་རྐྱལ་དཔངས་ལ་གཞིགས་པའི་ཟ་ལུགས་དང་། །ལམ་འཕྲང་ཆུ་ལ་གཞིགས་པའི་འགྲོ་ལུགས། །ཞེས་པ་ལྟར་གང་ལ་གང་འོས་ཀྱི་མཛད་པ་རླབས་ཆེ་བས་གདན་ས་ཆེན་པོ་འདི་ཉིད་ཀྱི་འཆད་ཉན་ལ་ཐང་ལྷོད་མེད་ཅིང་། མཛད་ཉེས་ཀྱི་རིགས་གང་ཡང་མེད་པར་གྲྭ་ཚང་རིན་པོ་ཆེ་བསྐྱངས། མཁན་པོ་ཟུར་པ་མཛད་སྐབས་ཤར་རྩེ་གྲྭ་ཚང་དུ་རྒྱ་སྦུབ་ཆེ་ལེགས་ཤིག་འབུལ་གནང་དང་འབྲེལ་བསྙེན་བཀུར་གཟབ་རྒྱས་དང་། རྟ་དབོན་ཁང་ཚན་གྱི་ཚོམས་སུ་སྔར་བཞུགས་རྗེ་བཙུན་བྱམས་པ་མགོན་པོ་དང་། དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་སོགས་ལ་མཆོད་བཤམ་ཚོན་ཁྲ་ཅན་སྤུས་ལེགས་གསར་བསྐྲུན་འབུལ་བཞེས་དང་འབྲེལ་བའི་བསྙེན་བཀུར་མཛད། སྐུ་ཚེའི་སྨད་ཀྱི་མཁན་ཟུར་སྐབས་ཕལ་ཆེར་རྒྱ་མ་སྒྲུབ་གསར་ཁོངས་སུ་ཡོད་པའི་གཟིམ་ཤག་ཏུ་བཞུགས་ཤིང་། དེར་དུས་ཕྱིས་སུའང་གཟིམ་ཤག་སྐུ་ཆས་དང་བཅས་པ་དམ་དེ་ཉིད་ཀྱི་སྐུ་ཉེ་རྒྱ་མ་ཁྲི་ཁང་པའི་ཞབས་གྲས་ན་ཁ་བས་བདག་སྤྲོད་བྱས་པ་དང་། གཟིམ་ཤག་ཏུ་སྲུང་མ་ཆོས་སྐྱོང་བསེ་ཁྲབ་པ་བསྟེན་མུས་སུ་ཡོད་པར་སྣང་། དམ་པ་འདི་ཉིད་དགོངས་པ་ཞིང་གཞན་དུ་གཏད་རྗེས་འདིའི་མཁན་སྤྲུལ་ཞིག་བྱུང་བ་གྲྭ་ཚང་རང་དུ་ཆོས་ཞུགས་མཛད་ཅིང་སློབ་གཉེར་ལེགས་རབ་ཡོད་ཀྱང་སྐབས་ཤིག་ནས་བར་ཆད་ཀྱི་རྣམ་པས་གྲྭ་སར་བཞུགས་མ་ཐུབ་པས་རྗེས་སོར་གར་སོང་ཆ་མ་མཆིས་པ་ཞིག་ཏུ་གྱུར་འདུག རྩོམ་སྒྲིག་པས་ཤར་རྩེ་ཆོས་འབྱུང་ལས་བཏུས།

1 མཆན།:


  1. It's going to be ending of mine day, except before finish I am reading this wonderful post to improve my knowledge. yahoo login

    ReplyDelete