2013-12-31


༄༅། །ཀ་ཀོར་གླིང་བརྗོད་གནང་ནས་མ་བཞུགས་སྦག་ཆེན་ཕྱག་གྲལ་སྒྲིག་པར་ཞུ།།
ཁ་ཞེང་ཆེ་བའི་སྦག་ལྕོག་དེ་ལ་ཕྱིས་བདར་ལེགས་པར་བཀྱོན་པར་བྱ།།
ག་རུ་བཞུགས་ཀྱང་རང་རང་སོ་སོའི་ཐུགས་འདོད་ཇི་བཞིན་བཞུགས་གདན་འཇགས།
ང་ཡི་བརྩེ་བའི་སྦག་གྲོགས་ལྷན་རྒྱས་གང་དགའ་གང་སྤྲོ་གནང་བར་ཞུ།།

ཅ་ག་བྱས་པའི་རས་ཁྲ་དེ་ནི་ཕང་སེམས་མེད་པར་སྦག་གདན་གཏིང་།།
ཆ་འཇོག་མཐུན་པའི་སྐུ་རྒྱན་དེ་ནི་རྡོ་ལ་སྒོར་རེའི་ཚུལ་ཞལ་དན་ཡོད།།
ཇ་རོ་ཇི་བཞིན་སེར་སྣ་མེད་པར་སུ་ཐོབ་ལམ་སེང་སྤྲོད་པ་དང་།།
ཉ་བསད་ཁྱི་སྟེར་མེད་པའི་སྒོ་ནས་སྦག་གཞུང་ལེགས་པར་སྲུང་བ་བྱ།།

ཏ་ཡས་ཀྲང་ཀའི་སྦག་མིག་བརྐོས་པའི་སྦག་སྣེ་འདྲེན་བྱེད་ཤོ་མོ་དེ།།
ཐ་དད་སྦག་ཕུབ་གཅིག་གི་སྟེང་དུ་ལག་པར་འཕུར་བཞིན་ཤུགས་ཀྱིས་བརྒྱབ།།
ད་ལྟའི་ཤོ་ནི་ཁྱི་མོ་ཡིན་པས་གཡོན་ཕྱོགས་དེ་ནས་སྒྲུག་པར་བྱ།།
ན་གཞོན་ང་ནི་ཐན་མེད་ཅུའུ་མེད་ཏིར་པཱ་ལྔ་འདྲེན་གཅིག་ཁོ་ན།།

སྤ་ལོ་དཀར་བའི་སྦག་གྲོགས་རྒད་པོས་སན་ཅིན་ཟི་ཅན་བསྟུད་མར་བརྒྱབ།།
ཕར་བལྟས་ཚུར་བལྟས་སེམས་པ་འཚབ་ཀྱང་སྦག་དཔོན་མེད་པས་བྱ་ཐབས་བྲལ།།
བགས་ཕེབས་མེད་པས་ཁ་ཡི་དུ་བ་སྐད་ཅིག་མི་ཆད་འཐེན་པ་དང་།
མང་ཐོབ་རེ་བས་ཡོངས་རྫོགས་ཤོར་བ་འཇིག་རྟེན་སྦག་པའི་ཆོས་ཉིད་ལགས།།

ཙ་ན་ཡིན་ཡང་ཅིན་གྱི་རེ་མེད་རང་ཕུགས་ཁོ་ན་ཁེངས་པར་འབད།།
འཚབ་འཚུབ་ངང་ནས་ཏིར་པཱ་འཕྲལ་ནས་ཏིར་རྫོ་ལྦ་རྫོའི་སྟེང་དུ་བརྒྱབ།།
རྫ་དྲག་ཆེན་པོས་པཱ་གསུམ་ལྷག་པ་སྦག་ལྕོག་སྟེང་དུ་ཤུགས་ཀྱིས་བརྡབས།།
ལྦ་མོ་ཁྱི་ཡིས་མནན་པ་བཞིན་དུ་དེ་ཡང་ཅུའུ་གསུམ་བརྒྱབ་ནས་མནན།།

ཞ་ར་བཞིན་དུ་སྦག་རྩིས་ནོར་བས་རྔུལ་ཆུའི་རྒྱུན་གྱིས་གདོང་པ་གཤེར།།
ཟ་རི་ཟ་རིས་འདར་སིལ་རྒྱག་བཞིན་ཀོ་བའི་དངུལ་ཁུག་ཡང་ཡང་བསྔོགས།།
འ་འུར་མེད་པར་གཅིག་གཅིག་གཉིས་གཉིས་གྲངས་ལ་འཕྱུག་པ་མེད་ན་ཡང་།།
ཡ་མཚན་ཅན་གྱི་དངོལ་ཤོག་ཆག་པ་འཇའ་ཚོན་བཞིན་དུ་གློ་བུར་ཡལ།།

ར་དང་ལུག་དང་འབྲི་གཡག་ལ་སོགས་ཕྱུགས་རིགས་དཀར་ནག་གང་ཡོད་རྣམས།།
ལ་ཀླུང་བརྒྱབ་ནས་ཁྲོམ་ལ་བཙོངས་པའི་སྒོར་མོ་སྟོང་ཕྲག་ལྔ་བཅུ་སྟེ།།
ཤ་ཚའི་སེར་སྣ་སྤུ་ཙམ་མེད་པར་ཉིན་ཞག་གཉིས་ལ་ཏག་ཏག་བསྐྱལ།།
ས་སྟེང་འདི་ན་སྦག་ལ་དགའ་བའི་སྐྱེ་བོ་རྒན་གཞོན་བློ་མཐུན་ཚོ།།

ཧ་ལོག་སྦག་པ་བདག་དང་འདྲ་བར་ཁྱེད་རྣམས་མིག་དཔེ་གཟིགས་གྱུར་ན།།
ཨ་ཁ་ཁ་ཞེས་ལན་བརྒྱར་བརྗོད་ཀྱང་ཕན་ཐོགས་སྤུ་ཙམ་མི་འདུག་གོ །

0 མཆན།:

Post a Comment