2015-07-06

འགོ་གང་ཞིག་ནས་འཛུགས་དགོས་མིན་དང་དེ་བས་ཚིག་སྦྱོར་ཡང་ཅི་འདྲ་ཞིག་སྤེལ་ཏེ་ཇི་ལྟར་འབྲི་དགོས་མིན་ཐད་ངས་གསལ་པོ་ཞིག་ཏན་ཏན་མི་ཤེས་ཀྱང་གང་ལྟར་རང་གི་རྩོམ་འབྲི་འདིའི་དགོས་དོན་གྱི་སྙིང་པོ་དང་། རྩོམ་འབྲི་འདིའི་གནས་ལུགས་ཀྱི་རིན་ཐང་། ངེས་པར་དུ་བརྗོད་དགོས་པའི་འགན་འཁྲི། དེ་ཡང་བརྗོད་དོན་གང་གསལ་གསལ་ཞིག་དང་། དེ་བས་ཡིན་ཅིག་གནས་ལུགས་ཀྱི་གཞུང་གང་དྲང་དྲང་དུ་འབྲི་དགོས་པའི་དོན་འདི་དག་ནི་རང་སེམས་ན་སྔ་ས་ནས་དོ་དོ་ཏན་ཏན་གྱིས་བསམ་གཞིགས་དང་བཅས་ཐག་བཅད་དེ་གསལ་གྱི་ལེར་ཁྲིགས་ཤིག་གེར་ཡོད།
དེ་ནི་རང་ཉིད་ཐོག་མར་བཀྲ་མི་ཤིས་པའི་ངུ་སྐད་ཅིག་དང་ལྷན་ཅིག་ཏུ་ལས་མི་བཟང་བའི་མཚོན་གྲི་ཞིག་གིས་དྲིན་ཆེན་མ་དང་འབྲེལ་བའི་ལྟེ་ཐག་ཧྲུག་གེར་བཅད་དེ་ལྗན་ལྗིན་མི་གཙང་བའི་བརླན་གཤེར་གྱི་དྲི་མ་དང་བཅས་ལག་ཟུང་སྙིམ་པའི་ཁར་གཡེང་བཞིན་དུ་ས་འདི་དང་ཡུལ་འདིར་འོངས་ཤིང་། རང་གི་གཉེན་ཉེ་རུས་རྒྱུད་གཅིག་པ་ཐམས་ཅད་ཀྱང་དངོས་གནས་ཐབས་མེད་དེ། ལས་དབང་ཟེར་རམ་གང་ལྟར་ཚོགས་ཤིང་དུས་ལ་བབ་པ་དེ་ལས་གཡོལ་མི་ཐུབ་པས་ང་དང་གཅིག་མཚུངས་སུ་ཚུལ་འདི་ལྟ་བུས་ལམ་འདིར་དབང་མེད་དུ་འོངས་པ་ཤ་སྟག་ཡིན་རྒྱུ་རེད། དེ་བས་སེམས་ཡུལ་ལ་ཐོགས་ཤིང་འདང་རིགས་ལ་དཀར་བ་ཡང་ཐམས་ཅད་ང་ལས་ལྷག་ཅིག་ལས་གཞན་མེད་པ་ནི་ཏན་ཏན་ཐག་གིས་བཅད་དེ་བཤད་ཆོག་པ་རེད། ནམ་ཞག་རྒྱུན་ལྡན་གྱི་ཁ་རྒྱུན་ལྟར་ལས་དབང་གི་སྐད་ཆ་ཙམ་མིན་པར་རང་ཉིད་ས་ཕྱོགས་གང་འདྲ་ཞིག་དང་ཡུལ་ཕྱོགས་ཅི་འདྲ་ཞིག་ཏུ་བདེ་སྡུག་གི་གནས་བབ་གང་འདྲ་ཞིག་ཏུ་གཏུགས་ནའང་ཕུགས་དང་གཏིང་ནས་ཟུར་དང་ངོས་ཐམས་ཅད་ནས་སྨྲ་མི་ཤེས་པའི་སེམས་ཚོར་ཤུགས་དྲག་ཅིག་དང་སྐྱ་འཐབ་པའི་ཟུག་གཟེར་རེ་རེ་དང་བཅས་དྲན་ལྷང་ལྷང་དང་སྐྱོ་འཚུབ་འཚུབ་ཀྱི་ས་དེ་དང་། ཡུལ་དེ། མི་རིགས་དེ། ད་དུང་དེ་དག་གི་འདས་ཟིན་པའི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས། འབྱུང་འགྱུར་གྱི་ཁ་ཕྱོགས་སོགས་དེ་དང་དེ་ལ་སོགས་པ་མང་པོ་ཞིག་གིས་ཡང་ཡང་ཞེ་ནས་ཐོགས་འོངས་བས་ཡོད་ཚད་ཀྱིས་ངའི་འདོད་ཚུལ་དང་ལྟ་ཐོག་ལ་བསམ་ཤེས་ཀྱིས་དང་ལེན་བྱེད་མི་བྱེད་ཀྱི་རེ་བ་འདི་གཙོ་བོ་མིན་པར་གང་ལྟར་རང་གིས་ལྷག་བསམ་རྣམ་དག་བྱས་བཞག་ན་མཁྲིས་པའི་སྨན་དང་ཤ་ཚའི་གཏམ་ཡིན་པས་དེས་མཐའ་ཅིག་ཏུ་རང་ཉིད་ཀྱིས་ཀུན་སློང་འདི་དང་ཨ་འགྲིག་ཆ་འགྲིག་ཏུ་སོང་སྟེ་བསམ་ཚོད་དོན་ཐོག་ཏུ་འཁེལ་བའི་ཕན་ཐོགས་ཤིག་ཡོང་མིན་ཇི་ལྟར་བཤད་ཚོད་དཀའ་ཡང་གང་ལྟར་རང་ཡུལ་རང་མི་ལ་སྒྲུབ་ཐུབ་པའི་ལྷག་བསམ་རྣམ་དག་གིས་རྙེད་པའི་ལམ་ཕྱོགས་ཤིག་དང་སེམས་བསམ་པའི་དུངས་ཞེན་འགུལ་ཤུགས་ཀྱི་ལ་རྒྱའི་མཚོན་ཐབས་ཤིག་ནི་ལོས་ཡིན་སྙམ་པ་ལས་གཞན་མཚམས་ཐིག་དེ་ལས་བརྒལ་བའི་ཕན་གནོད་ཀྱི་རྩིས་གཞི་གཞན་ཞིག་ནི་བསམ་པའི་ཡུལ་ལའང་མེད།
      གང་ལྟར་ཤིན་ཏུ་སྣེ་མང་རྙོག་འཛིངས་ཅན་གྱི་ལམ་བུ་འདི་འདྲ་ཞིག་བརྒྱུད་དེ་མིར་ཆགས་པ་ཙམ་དུ་མ་ཟད་བསམ་པའི་རྨང་གཞི་ཡང་འདི་འདྲ་ཞིག་གི་ཐོག་ཏུ་རང་ཉིད་འཇིག་རྟེན་འདིར་འགྲོ་བ་མིའི་རིགས་ཀྱི་ཁོངས་སུ་རིགས་དང་རུས། འཁོར་དང་ལོངས་སྤྱོད། ས་ཕྱོགས་དང་ཡུལ་ལུང་། རྒྱལ་ཁབ་དང་མི་རིགས། དུས་ཚོད་དང་གཟའ་སྐར་སོགས་གལ་ཆེ་གནད་འགག་ཅན་པོ་འདི་དག་ཐམས་ཅད་ལ་ལྟ་ལོང་བྱ་ལོང་དང་། བསམ་ལོང་འདེམས་ལོང་གི་དབང་ཆ་སྤུ་རྩེ་ཙམ་ཡང་མེད་པར་གཡང་གཟར་གྱི་རྦབ་རྡོ་འགྲིལ་བ་ལྟར་དབང་མེད་ཐོལ་གྱིས་འཇིག་རྟེན་མི་ཡུལ་འདིར་ཟགས་འོངས་དུས་ཏག་ཏག་ངོ་གདོང་དམར་གོར་རེར་རྩམ་པ་ཟ་ཞིང་ཕྱུ་པ་གྱོན་པའི་ཁ་བ་གངས་ཅན་པའི་རིགས་རྒྱུད་དུ་ལྷུང་སོང་བ་རེད། དེ་འདྲ་ཡིན་དུས་བོད་པ་ཚང་གི་ཁོངས་མི་ཞིག་དང་ཤ་རུས་གི་དུམ་བུ་ཞིག་ཡིན་པ་གཞིར་བཞག་གིས་ངེད་ཅག་གི་ད་ལྟའི་རྒྱལ་ཁབ་འདི་དང་། སྤྱི་ཚོགས་འདི། མི་རིགས་འདི། གནས་སྟངས་འདི། ད་དུང་ཤ་ཁྲག་འདྲེས་མའི་ཉེ་དུ་ས་ཡ་དྲུག་གི་མིག་མདུན་དུ་ལྷགས་པའི་ད་ལྟའི་དངོས་ཡོད་ཀྱི་དཀའ་ཁག་མང་པོ་ཞིག་དང་དེ་བས་གནས་དོན་འགངས་ཆེ་མང་པོ་ཞིག་ལ་བསམས་ཏེ་རྣ་ཅོག་ལ་སྙན་འཇེབས་དང་ཡིད་སེམས་སུ་འཇུག་པ་བདེ་མིན་ལ་མ་ལྟོས་པར་ངེས་པར་དུ་བཤད་དགོས་པའི་སྐད་ཆ་དང་འབྲི་དགོས་པའི་དོན་དག་འདི་དང་དུ་བླངས་པ་ཡིན། སྤྱིར་མིའི་རིགས་ཀྱི་འདུ་ཤེས་དང་། མིའི་རིགས་ཀྱི་དགོས་མཁོ། མིའི་རིགས་ཀྱི་ལངས་ཕྱོགས། མིའི་རིགས་ཀྱི་རྩོལ་སྒྲུབ་བཅས་ལ་ལྟོས་ཏེ་དུས་རབས་དང་མཐུན་པའི་དངོས་ཐོག་འཚོ་གནས་ཀྱི་ལམ་བུར་འགྲོ་བསྐྱོད་དགོས་ན། དང་ཐོག་ངེས་པར་དུ་དྲང་བདེན་དང་བཅོས་བསྒྱུར་འདི་གཉིས་དམ་བཟུང་སྲ་བརྟན་གྱི་རྨང་གཞིའི་ཐོག་རིམ་པས་དགོས་མཁོའི་རང་དབང་དང་བསྒྲུབ་བྱ། མི་གཞིའི་ངོ་བོ་དང་ཁྱད་ཆོས། དུས་བསྟུན་འཕེལ་ཕྱོགས་དང་སྙིང་སྟོབས། ཕུགས་བསམ་དང་རྩ་དོན་སོགས་འདི་དག་ཁག་ཐེག་གིས་ལག་བསྟར་དོན་འཁྱོལ་ཐོག་སྒྲིག་གཞིའི་ངོ་བོར་ཚད་ལྡན་དུ་སྐྱོང་དགོས་པ་ནི་ཨ་ཅང་ཆེ་སྟེ་དུས་རབས་ཀྱི་དགོས་མཁོ་ཤེས་དཔལ་ཟུང་འབྲེལ་གྱི་རྒྱང་མིག་ལྟ་གིན་དུ་མདུན་བསྐྱོད་བྱེད་དགོས་པ་འདི་ཡང་དེ་བས་སྔ་ཕྱི་བར་གསུམ་དུ་དོར་ཐབས་མེད་པའི་གནད་དོན་ཤིན་ཏུ་གལ་ཆེན་ཞིག་རེད། དེ་ལྟ་བུའི་ལམ་ལུགས་དང་སྒྲིག་གཞི་ཁ་ཚང་ཞིག་དོན་དངོས་ཀྱིས་ལག་ལེན་དུ་བཏབ་པ་ཡིན་ན་དེའི་སྟོབས་ཤུགས་ཀྱིས་རང་དབང་དང་ཞི་བདེ། ཡར་རྒྱས་དང་སྔོན་ཐོན། སྤྱི་འགྲོས་ཚགས་སུ་ཚུད་པའི་བརྟན་བརླིང་སོགས་ཡོང་རྒྱུ་ནི་རྒྱུ་རྐྱེན་དེ་གའི་ཡིན་ལུགས་ཆོས་ཉིད་ཀྱི་མི་འགྱུར་བའི་འགྲོ་སྟངས་ཤིག་རེད་མོད།  དེ་ལས་ལྡོག་ན་རང་རེ་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འགྲོ་ལུགས་འགྲོ་སྟངས་སྤྱི་དང་། ཁྱད་པར་དུ་མི་རིགས་འདི་དང་འདིའི་བསམ་བློའི་ཁ་ཕྱོགས་དང་ངོས་འཛིན། ཁྲིམས་སྒྲིག་དང་འགན་འཁུར། དགོས་མཁོ་དང་འདུ་ཤེས། ཤེས་ཡོན་དང་སློབ་གསོ་སོགས་མདོར་ན་མི་རིགས་འདི་དང་འདིའི་ཡོད་ཚད་དུ་བཤད་ཆོག་པའི་ལམ་ལུགས་དང་བཞུར་གྱིན་པའི་ཁྲག་རྒྱུན་ཏེ་ཡོད་ཚད་གང་ཞིག་སྟེ་ཅི་ཙམ་དུ་བལྟས་འོངས་ནའང་གོང་དང་འགལ་ཟླ་ཁ་སྤྲོད་ཞིག་ལས་གཞན་གྱི་ཡོང་རྒྱུ་མེད་པ་ནི་གསལ་གྱི་ལེར་མཐོང་ཐུབ་པའི་ལག་མཐིལ་གྱི་རྫས་ལྟ་བུ་རེད།
      ང་ཚོའི་མི་རིགས་འདིས་མི་ལོ་སྟོང་ཕྲག་ལྷག་འདས་པའི་ཡར་སྔོན་ཏེ་གནའ་སྔ་མོ་སྔ་མོའི་དུས་ནས་བཟུང་ད་ལྟའི་དུས་རབས་དང་ད་ལྟའི་མིག་མདུན་གྱི་གནས་སྟངས་མངོན་སུམ་རྗེན་འཆར་འདི་འདྲའི་བར་དུ་ཕྱི་ནང་དང་ངོ་ལྐོག དྲང་ཕྱོགས་དང་ལྡོག་ཕྱོགས། ཡོད་མིན་དང་ཡིན་མིན་གང་ཞིག་ཏུའང་ནམ་ཡང་འགྱུར་བ་མེད་པའི་འཛེམས་ཟོན་དང་། བག་འཁུམ། འབུ་སྡོམ་གྱི་དྲ་བ་ལྟ་བུའི་བཀག་རྒྱ་རབ་རིབ་ཚུལ་འཆོས་ཀྱི་སྲོལ་རྒྱུན་འབའ་ཞིག་ཏུ་ནམ་ཡང་བརྟེན་པ་ལྷོད་མེད་དུ་ཞུགས་ཤིང་། དུས་རབས་ཀྱི་འགན་འཁྲི་དང་དུས་རབས་ཀྱི་ཁ་ཕྱོགས་ཟེར་བ་དག་ནི་ང་དང་ང་ཚོའི་མི་རིགས་འདི་དང་སྤྱི་ཚོགས་འདིའི་ཁྱོན་ཡོངས་ཀྱི་བསམ་གཞིགས་ཀྱིས་ངོས་ནས་བཤད་ན་ནམ་ཡང་བསྐལ་དོན་དང་འབྲེལ་མེད་ཡིན་པའི་ཁར། ད་དུང་དུས་རབས་ཀྱི་དགོས་མཁོ་དང་གནས་ལུགས་རིན་ཐང་གིས་བསྐྱུར་བའི་ལམ་ལུགས་ཤིན་ཏུ་མང་དག་ཅིག་ཡོངས་སུ་མིག་སྔའི་དུས་ཚོད་ཀྱི་འགྱུར་བ་དང་ད་ལྟའི་འཚོ་གནས་ལམ་ཕྱོགས་ཀྱི་དགོས་མཁོ་གང་གི་ཆ་ནས་ཡོངས་སུ་ཁ་འགྱེས་ཟིན་པའི་ར་འཕྲོད་ཀྱི་གནས་ལུགས་མང་པོས་ཕྱོགས་ཀུན་ནས་དབང་མེད་དུ་བརྟོལ་འོངས་ནའང་དེ་དག་དང་ལེན་བསྒྱུར་བཅོས་བྱ་ཚུལ་གྱི་ཐབས་ལམ་ཞིག་བསྟེན་རྒྱུ་ཕ་མཐར་ཟད་ཐ་ན་སེམས་བསམ་པའི་ཁོང་ནས་དོན་འགྱུར་གྱི་ཐེ་ཚོམ་ཙམ་དང་དཔྱོད་ཤེས་ཀྱི་སྟ་གོན་ཙམ་ཡང་བྱེད་མི་ཆོག་པར་ནམ་ཡང་རི་མགོ་མཐོན་པོའི་བྲག་རྡོ་བཞིན་སྐྱ་ཤིག་གེར་འགྱུར་ལྡོག་ལར་ནས་མེད་པའི་གནས་སུ་འདི་ལྟར་རྟག་བརྟན་ཐེར་ཟུག་ཏུ་ཡོད་བཞིན་པ་མིན་ནམ།
      དེ་དག་གི་ཡོད་ཚད་ནས་ཡོད་ཚད་འདི་ལྟར་ཤིན་ཏུ་བརྟན་ཅིང་ཐམས་ཅད་ཀྱི་ཐམས་ཅད་ཡང་དག་པར་བསྙད་པའི་གཞི་འམ་རྩ་བ་ནི་འགའ་འགའ་ལྷ་ཡི་ལུང་དང་། ཅི་ཅི་འདྲེ་ཡིས་སྲུང་སྐྱོབ་ཞེས་འགལ་མེད་ཡིད་དམ་བཙན་པོའི་སྲོལ་རྒྱུན་ལམ་ལུགས་སུ་ཞུགས་ཤིང་དེ་ལྟར་རླུང་ལྟར་གྲགས་པའི་བཤད་ཡམས་ཀྱི་ཁ་རྒྱུན་ཅིག་དང་། ནམ་ཡང་བཙན་ཚུགས་རྡོ་རྗེའི་རྒྱ་ཡིས་བཏབ་པའི་ནག་ནག་ཡིག་ཐོག་ཅི་རིགས་སུ་འདི་ལྟར་གང་སར་བསླད་པ་སྐྱོན་གྱིས་ཆེས་ཆེར་ཞུགས་པའི་རྟགས་སམ་རྟེན་འབྲེལ་གྱིས་ད་གཟོད་ང་ཚོའི་དབང་པོའི་མིག་དང་། རྣ་བ། གཙོ་བོའི་ཡིད། ད་དུང་ཤ་གསེང་གི་ཁྲག་དང་རུས་གསེང་གི་རྐང་ལ་འཐིམ་ཞིང་འདི་ལྟར་ཟུག་པ་མིན་རྒྱུ་ན་ད་ལྟ་ངེད་ཅག་འདི་ལྟ་བུའི་ཚད་གཞིར་ལྷུང་དོན་ཅི།  དེ་ལྟ་བུའི་གཟུགས་མེད་རྨུ་ཐག་གི་སྲ་མཁྲེགས་མི་འགྱུར་བའི་རྨོངས་ཞེན་གྱི་འཆིང་ཐག་འདིས་ཕྱོགས་དུས་རྣམ་པ་ཐམས་ཅད་དུ་མཐོ་མགོ་བོའི་སྤྱི་གཙུག་ནས་དམའ་ལུས་ཀྱི་རྐང་མཐིལ་བར་གྱི་ཕུང་པོ་ལུས་ཀྱི་ཆ་ཤས་ཡོད་ཚད་དང་། ངག་སྒོ་མོ་སྐད་ཆའི་བཤད་ཕྱོགས། སེམས་བསམ་པའི་ངོ་ལྐོག་སྟེ་མདོར་ན་ལུས་ངག་ཡིད་གསུམ་ཧྲིལ་གྱིས་བཅིངས་པའི་ཉེར་ལེན་ལས་བསམ་བློ་དང་བྱ་བ་མི་མཐུན། འདུ་ཤེས་དང་སྤྱོད་ལམ་མི་མཐུན། དུས་སྐབས་དང་ཤེས་རིག་མི་མཐུན། འགྱུར་འགྲོས་དང་གནས་སྟངས་སོགས་གང་དང་ཅི་ཡང་གཏན་ནས་མི་མཚུངས་པར་ད་ལྟ་སྟེ་མིག་མདུན་ན་ཡོད་ཚད་ཐམས་ཅད་རང་དབང་ན་ཅི་ཡང་མེད་པའི་སྡུག་དགུ་མཐའ་རུ་ཐོན་པའི་མི་རིགས་ཤིག་དང་། དེ་བས་ཡོད་ཚད་ཀྱི་རྨང་གཞིར་གྱུར་བའི་རྒྱལ་ཁབ་དེའང་ཡོད་མིན་མེད་མིན་འདི་འདྲ་ཞིག་ཏུ་བསྐྱེད་ཅིང་བསྐྲུན་པ་རེད།
      མ་ཟད་ནམ་ཡང་ཞར་ཡང་དོན་དངོས་ལ་རྒྱབ་ཀྱིས་ཕྱོགས་ཏེ་ཡོད་ཚད་མི་མངོན་པའི་དབྱིངས་སམ་ལྷ་སྒྲུང་གི་ཞིང་ཁམས་ཏེ་སྨྲ་བསམ་བརྗོད་མེད་དག་ལ་ཤི་འཐམས་རོ་འཐམས་སུ་ཨ་ཅང་བརྗོད་མེད་ཀྱིས་རྒྱུན་དག་པར་སྐྱོང་དགོས་པ་འདི་ཡང་རང་ཅག་འཇིག་རྟེན་མིག་ལྟོས་ཀྱི་རྗེ་བོ་འམ་བཙན་པོའི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་ཡང་ས་ཆེན་པོ་འདིའི་ཐོག་མ་བཞུགས་པར་བསམ་གཞིགས་དང་རིགས་ཤེས་ཀྱི་སྤྱོད་ཡུལ་ལས་བརྒལ་ཏེ་བདེན་དོན་རྡོག་རྫིས་དང་ལུགས་མཐུན་ཁྱད་གསོད་ཀྱིས་འདོད་ཞེན་དང་སྨོན་སེམས་ཟུང་འབྲེལ་གྱིས་བསྐྲུན་པའི་ལྷ་ཡིས་རྨུ་ཐག་གམ་རྣམ་པར་བཀྲ་བའི་འཇའ་སྐས་ཤིག་གིས་མགོན་སྐྱབས་འོག་སྟོང་པ་དབྱིངས་ཀྱི་དག་ཞིང་སྟེ་དམའ་མི་ཉན་པའི་མཐོ་ནམ་མཁར་འདི་ལྟར་གཙང་ཧྲིལ་ལེར་ཕེབས་སོང་བ་རེད། དེ་ལྟ་བུའི་རབ་བཏགས་བཅོས་བསྒྱུར་གྱིས་བསྐྲུན་པའི་ལྷ་སྒྲུང་འདིའི་རིགས་ཀྱི་རྙོག་འཛིངས་ཅན་གྱི་རྒྱབ་ལྗོངས་སམ་འཁྲབ་སྟོན་གྱི་དགོས་མཁོ་གང་ཞིག་དང་དོན་སྙིང་ཅི་ལྟར་ཡང་གང་ལྟར་དངོས་ཡོད་བདེན་པའི་རང་ཞལ་གྱི་གནས་སྟངས་འདི་ནི་ནམ་ཡང་འགྱུར་བ་མེད་པར་གཏན་དུ་མཐོང་ཆོས་སུ་ཡོད་བཞིན་པ་ཡིན་ལ། དེ་བས་དྲང་བཞག་འགན་འཁུར་གྱིས་གཉིད་ལས་སད་པའི་སྐད་ཆའི་བཤད་སྲོལ་ལྟར་བྱས་ན། སྐབས་དེ་དང་དེའི་ཚེ་དུར་ས་བཏབ་པ་མ་ཡིན་པར་ཕུང་པོ་བྱ་ལ་གཏོར་བའམ་ཆུ་ལ་བཤམས་པ་གང་རུང་གི་དོན་འདི་ཁོ་ནས་སྐབས་དེ་དང་དེ་ནས་བརྩམས་ཏེ་རྨོངས་པ་ཡོད་ཚད་ཐམས་ཅད་ཀྱི་མགོ་བོ་མགལ་མེ་ལྟར་བསྐོར་ཏེ་གང་ཞིག་ལྐུགས་ཚོད་ཚོད་ཅིག་དང་ཡོད་ཚད་འཐོམ་སྦྲིད་སྦྲིད་ཅིག་ཏུ་གནའ་ནས་ད་ལྟ་བར་མི་རབས་ནས་མི་རབས་བར་ལྷ་སྒྲུང་འདིའི་ཤིན་ཏུ་ཉམ་ཐག་པའི་གདུལ་བྱར་གསོ་སྐྱོང་གིས་དང་ལེན་བྱས་པ་ཙམ་རེད། མ་ཟད་དེ་བས་ཤིན་ཏུ་ཡ་མཚན་པ་ཞིག་ནི་བསམ་བློའི་ཆུ་ཚད་ཆེས་མཐོར་བསྒྲགས་པའི་གངས་ཅན་པའི་མི་རིགས་ཏེ་ང་དང་ང་ཚོའི་རིགས་ལ་དད་སེམས་ཤིག་ཡོད་ན་ནམ་ཡང་བདེན་དོན་ཡིན་མིན་ལ་བསམ་གཞིགས་དང་འགན་འཁུར་མི་དགོས་པར་མ་ཟད་ད་དུང་ཡང་དེ་ལས་ལྡོག་སྟེ་ཤེས་དང་མི་ཤེས་པའི་བར་ནས་བདེན་དང་རྫུན་གྱི་ཁུངས་ནས་ཐམས་ཅད་ཀྱིས་མིག་ཟུང་ཧྲིག་ཧྲིག་དང་ངོ་གདོང་ནག་ཤིག་ཤིག་གིས་བདེན་པ་ཡིན་རྐྱང་དུ་ཧམ་པས་བཤད་རྐྱང་ཁོ་ན་བྱེད་ཆོག་པ་རེད།
      འདི་ལྟར་སྐྱུག་བྲོ་ཞིང་ཞེ་མེར་བའི་ངོ་བོ་དད་དམ་དུ་བརྫུས་པའི་བདེན་དོན་དམར་གསོད་བྱེད་ལུགས་ཀྱི་བྱ་ཐབས་ཏེ་གང་ལྟར་འདི་དག་ནི་རྒྱུན་འབྱམས་སུ་སོང་བའི་མི་རིགས་འདི་དང་འདིའི་བློ་མིག་མཐའ་དག་ཞར་སྦྲིད་བྱེད་པའི་རྫུན་པ་འཕྲུལ་གྱི་འཁྲབ་སྟོན་རྣམ་གྲངས་མི་ཉུང་བ་ཞིག་ཡོད་བཞིན་པའི་ནང་ནས་འདི་ནི་ཆ་ཤས་ནང་གི་ཡང་ཤས་ཤིག་ལས་གཞན་གང་ཡང་མ་རེད། འདི་འདྲ་བཤད་ན་གནས་ལུགས་ཀྱི་ངོ་བོའི་ཐོག་ནས་དྲང་བདེན་ཡིན་ཆོག་ཀྱང་། མང་པོའི་དཀྱིལ་ན་ཆོས་དང་འཇིག་རྟེན་གཉིས་ཀར་མི་མཐུན་པའི་ལྟ་སྟངས་ཤིག་ངེས་པར་ཡོད་དགོས་པ་ནི་བོད་པ་ཚང་གི་ཐུན་མོང་མིན་པའི་ཐག་གཅོད་ཅིག་དང་ནམ་ཡང་འདི་ལྟར་ཤེས་ཀྱིན་མཐོང་གིན་དུ་ཁྱད་གསོད་ཀྱིས་རྒྱུན་བསྲིངས་དང་ཆབས་ཅིག་ཏུ་མུ་མཐུད་དེ་དེ་ལྟར་སེམས་ལ་བཟུང་ཞིང་ཁ་ནས་ཀྱང་ཨུ་ཚུགས་ཀྱིས་བཤད་དགོས་པ་རེད། དེ་ཡང་མཐར་གཏུགས་ཏེ་ཁུངས་དེད་ན་མི་རིགས་འདི་དང་འདིའི་བསམ་བློའི་ཚད་གཞི་ཇི་ལྟ་བུ་ཞིག་དང་འདུ་ཤེས་ཀྱི་ཁ་ཕྱོགས་སམ་རིན་ཐང་ངོ་མ་སྟེ་གལ་ཆེ་ཡོངས་རྫོགས་མདོར་བསྟན་པ་རེད།  དེ་ལྟར་མ་ཡིན་པར་དོན་དངོས་གང་ཞིག་དང་གནས་ལུགས་ཅི་ཞིག་ལ་འགྲོ་སྟངས་འགྲོ་ལུགས་དེ་གའི་སྟེང་ནས་མ་བཅོས་མ་བསྒྱུར་བའི་རང་བཞིན་སྣང་ཚོད་ཀྱིས་ངོས་ནས་བདེན་པ་དངོས་དངོས་རྗེན་རྗེན་གྱིས་བསམ་ཚུལ་ཞིག་དང་བཤད་སྟངས་ཤིག་གིས་སྟ་གོན་ནམ་ཚུགས་ཀ་ཞིག་བྱས་ན་དེ་ནི་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་སྲིན་མོ་བྲག་སྲིན་གྱི་རྒྱུད་པ་ལས་ཐོལ་གྱིས་བུད་འགྲོ་ལ། དེ་ནས་བཟུང་རང་ཉིད་ནི་ནམ་ཡང་དད་པ་དང་དམ་ཚིག་མེད་པའི་མི་གཞི་ཐ་ཆད་ཅིག་དང་གཞན་དང་འབྲེལ་འདྲིས་གཏན་ནས་མི་རུང་བའི་མཛེ་ཅན་གྱི་ནད་ཅན་ཞིག་ཏུའང་ཁྱུག་སེར་འགྱུར་འགྲོ་བ་མ་ཡིན་ནམ།
      དེ་ལྟ་དེ་ལྟར་གཏིང་མཐའ་འབྱམས་ཀླས་པའི་རྙོག་འཛིངས་ཅན་གྱི་མི་གཤིས་བག་ཆགས་ཀྱི་རྫོང་གོག་ཤིན་ཏུ་བཙན་ལ་འགྱུར་མེད་རྡོ་རྗེའི་བཀའ་ལུང་ལྕི་མོའི་ཁྲིམས་ལུགས་ཀྱིས་ཡང་ཡང་རབ་ཏུ་མནར་བའི་ཉམ་ཆུང་བོད་པ་དག་ནི། ད་ལྟ་སྟེ་ད་དུང་ཡང་འདོད་ཞེན་ལྷ་སྒྲུང་དང་དེས་བསྐྱེད་ཅིང་བསྐྲུན་པའི་ཁོར་ཡུག་སྟེ། ཀུན་རྟོག་གྱ་གྱུའི་འཆར་ཡན་གྱི་སྒྱུ་མའི་ཞིང་ཁམས་ཕུགས་བསམ་དུ་བཏགས་པའི་རྨོངས་པའི་བཙོན་དོང་ངམ་རྟོག་པའི་དྲ་བ་དེ་ལས་གཏན་ནས་ཐར་མི་འདུག  གང་ལྟར་འཁྲུལ་བ་འབའ་ཞིག་གིས་བསྐྱེད་པའི་མོས་པ་དང་དག་སྣང་གི་སྣང་ཚོད་འཆར་སྒོ་ཐམས་ཅད་དོན་དངོས་ཅིག་ཏུ་མཐོ་སྙེགས་ཀྱིས་ཡིད་ཆེས་སྨོན་པ་ལྷ་རུ་བསྒོམ་པའི་ཟུང་ཁྲག་རྒྱུ་ཕྱོགས་འདི་ཇི་སྲིད་ཆོས་དང་འཇིག་རྟེན། གནས་སྐབས་དང་སྔ་གཞུག་གང་དུའང་བརྟན་གནས་དང་ཁྱབ་སྤེལ་འབྱུང་བ་ཡོད་པ་དེ་སྲིད་དུ་བདེན་རྫུན་དང་། བཟང་ངན།  སྐྱིད་སྡུག་སོགས་གྲལ་རིམ་མི་གཅིག་པའི་ངོ་བོ་ནམ་ཡང་འགལ་ཟླར་གྲུབ་པའི་དབྱེ་བ་འདི་དག་གཏན་ནས་ཡོད་མི་རུང་ལ། དེས་རྐྱེན་པས་མི་རིགས་འདི་དང་འདིའི་དགོས་འདུན་དང་འཚོ་གནས་ཀྱི་ཁེ་དབང་ཐད་ལུགས་མཐུན་མིན་པའི་གོམས་གཤིས་ཤིག་གིས་ནམ་ཡང་བཀག་བསྐྱིལ་དང་ཚད་བཀག་ཚོད་འཛིན་བྱས་ཏེ་དོན་དངོས་དྲང་བཞག་གི་ལམ་ལུགས་ཟེར་ས་ཞིག་དང་གང་ཞིག་ལམ་དེ་ནས་འོངས་པའི་དོན་ངོ་མའི་དགོས་མཁོ་འམ་བདེ་སྐྱིད་ཟེར་རྒྱུ་འདིའང་དུས་འདི་ནས་བཟུང་སྟེ་མཚམས་འཇོག་མི་བྱེད་ཀ་མེད་རེད།
      མ་ཟད་དུས་ཚོད་དང་གནས་ལུགས་ཀྱི་རྒྱ་ལས་གོལ་ཞིང་ཧེ་བག་ངེས་ཅན་དུ་གནས་པའི་འདུ་ཤེས་རྒྱུན་ཆགས་ཀྱི་གོམས་སྲོལ་ལམ་ལུགས་དང་རྒྱ་ཆེན་གཏིང་ཟབ་པའི་ཤུགས་རྐྱེན་འདི་དང་འདི་འདྲ་བའི་དབང་གིས་ཆེ་ས་རྒྱལ་ཁབ་དང་། མི་རིགས། སྤྱི་ཚོགས། མཉམ་སྡེབ། སྡེ་ཁག་སོགས་གང་ཞིག་ཐུན་མོང་དུ་གྱུར་བ་འདི་དག་ཐམས་ཅད་ཉམས་རྒུད་ཉམས་དམས་སུ་འགྱུར་བའི་རྨང་གཞི་དང་ཆབས་ཅིག་ཏུ་གོད་ཆགས་སྣ་དགུ་ཁྱབ་སྤེལ་དང་རྒྱུན་ཆགས་པར་བྱེད་ལ། ཆུང་ས་སོ་སོ་རང་ཉིད་ཀྱི་མི་གཞིའི་ངོ་བོར་གསོར་དཀའ་བའི་བརྙས་བཅོས་ཤིག་དང་གསབ་མི་ཐུབ་པའི་གྱོང་གུན་ཞིག་ཏུ་འདི་ལྟར་འགྱུར་རྒྱུ་ནི་བཤད་མི་དགོས་པ་ཞིག་རེད། དེ་ལྟར་རྒྱུ་མཚན་དང་བཅས་པའི་གནས་ལུགས་འདི་འདྲ་བཤད་དུས་རྒྱུ་འབྲས་ཤིག་གི་ངོ་ཐོག་གནས་ཚོད་ཅིག་དང་ཆོས་ཉིད་ཅིག་གི་འགྲོ་སྟངས་འགྲོ་ལུགས་ཀྱི་ངོས་ནས་དྲང་བཤད་བྱས་པ་ཞིག་ལས་དེ་མིན་དྲན་རྒྱུ་ཅན་གྱིས་བཤད་ཚུལ་ཅིག་དང་བྱས་པ་ཅན་གྱིས་བཟོ་བཀོད་བྱས་པ་ཞིག་གཏན་ནས་མ་རེད།གང་ལྟར་ལུས་དལ་ཞིང་སེམས་སྐྱེན་པའི་མི་རིགས་འདི་དང་འདིའི་ལམ་དང་ལུགས་སྲོལ་འདི་དག་ལྷ་སྒྲུང་དང་དག་སྣང་སོགས་རབ་རིབ་དང་འཁྱར་འཁྱོར་གྱི་ཚུལ་འཆོས་འབའ་ཞིག་ཏུ་གཞི་བཅོལ་བའི་ཁུངས་སམ་བཟོ་ལྟ་འདིས་སྤྱི་ཚོགས་དང་། སྡེ་ཁག  སོ་སོ་རེ་རེ་སྟེ་འདི་ལྟར་གང་ཞིག་ཡོད་ཚད་ཐམས་ཅད་དངོས་ཡོད་ཀྱི་དོན་དམ་འཚོ་བར་མ་ཞུགས་ཤིང་ནམ་ཡང་དུས་རབས་ཀྱི་རྗེས་མི་ཆོད་ལ། དེ་བས་སྔ་མོ་སྔ་མོའི་དུས་ཀྱི་ཤིན་ཏུ་གུ་དོག་པའི་བསམ་སྤྱོད་ཡོད་རྒུ་ཚད་ཅན་དེའི་རྨོངས་ཞེན་གྱི་ར་བ་ལས་གཏན་ནས་ཐར་མི་ཐུབ་པར་དུས་ཚོད་ཀྱིས་བསྐྱུར་བའི་ཕན་མེད་ཟོག་རོ་ལྟ་བུའི་གཟུགས་ཅན་གྱི་དངོས་རྫས་ཤིག་དང་། དཔྱོད་ཤེས་བློ་མིག་གིས་རབ་ཏུ་ཕོངས་པའི་ཡ་ང་བའི་སེམས་ཅན་ཞིག  མདོར་ན་ནར་མ་སོན་པའི་ཉམ་ཐག་ནུས་མེད་ཀྱི་མི་རིགས་ཤིག་ཏུ་འགྱུར་བ་ལས་གཞན་གྱི་ཁ་ཕྱོགས་དང་རེ་བ། དྲང་བདེན་གྱི་རྒྱུ་མཚན་གཞན་ཞིག་ནི་ཅང་ཡོད་སྲིད་དམ།
      གང་ལྟར་ནམ་ཡང་བཅོས་སྒྱུར་མི་རུང་བའི་དངོས་ཡོད་ལས་འདས་པའི་རྒྱ་ཡན་ཚུལ་འཆོས་ཀྱི་མི་གཤིས་རྒྱུན་ཅན་གྱི་གོམས་པ་སྲ་བརྟན་རིང་ལུགས་དང་། མཐའ་མེད་རྣམ་རྟོག་རྒྱ་བསྐྱེད་ཀྱིས་གུ་ཡངས་འོག་སེམས་ཚོར་གྱི་བྱེད་པ་གཙོ་བོར་སྟངས་འཛིན་བསྐྱེད་བསྲིངས་བྱེད་པའི་སེམས་གཙོ་སྨྲ་བར་བཏགས་པ་ཡོད་ཚད་ཐམས་ཅད་ཕྱོགས་གཅིག་པའི་ཟུང་འབྲེལ་སྟོབས་ཤུགས་འོག་ད་གཟོད་དོན་དངོས་པོའི་གནས་ཚོད་ལ་འགན་འཁུར་མི་དགོས་བཞིན་དུ་བོད་མགོ་ནག་མི་ཡིས་སེམས་བསམ་པའི་བཞག་ཕྱོགས་ཅིག་དང་ཁ་ལྷེབ་ལྷེབ་ཡོངས་ཀྱིས་བཤད་སྲོལ་ཅིག་ཏུ་འདི་ལྟར་གཉའ་ཁྲི་བཙན་པོ་ལྷ་ཡུལ་ནས་འོངས་ཤིང་། ལག་སོར་དྲ་བས་འབྲེལ་ལ། སྟོབས་དང་དབང་ཐང་། སྐྱེ་ཁུངས་དང་རིགས་རུས་སོགས་ཀྱི་རབ་ཏུ་ཆེ་བའི་ཆེ་བ་ནི་དུས་ད་ལྟའང་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་མི་ཤོང་བའི་ཚོད་ཙམ་རེད།  གདོད་མའི་མིའི་རིགས་ཀྱི་ཀུན་སྤྱོད་དང་བྱ་གཞག་སོགས་མཚམས་ཚིགས་དང་ཕྱོགས་གང་ཞིག་ནས་དུས་ཀྱི་སྒུལ་ཤུགས་ལ་བརྟེན་པའི་འཕེལ་རིམ་གྱི་ནུས་པ་ལར་ནས་མེད་པའི་ཤིན་ཏུ་བཀའ་གཉན་པའི་ཡུལ་འདིར་དངོས་བྱུང་མིའི་རིགས་ཀྱི་བདེན་དོན་ནུས་ཤུགས་ཀྱིས་བསྐྲུན་པའི་དཔའ་མཛངས་གཤིས་སྤྱོད་ལས་རིང་དུ་འདས་པའི་ཕུལ་བྱུང་གི་ལྷ་ཀླུ་དང་འདྲེ་སྲིན་མཐུ་བོ་ཆེའི་རྒྱུད་པ་མང་རབས་ཅིག་བྱོན་པ་རླུང་ལྟར་གྲགས་ཤིང་ཆུ་ལྟར་བཞུར་འོངས་ནའང་དོན་དུ་རང་གི་ཡུལ་ཁམས་སྐྱོང་བའི་རྗེ་བོ་འམ་སྤྱི་ཚོགས་འགོ་འདོན་པའི་བཙན་པོ་ནི་མཐོན་པོ་ནམ་མཁའ་སྟོང་པའི་དབྱིངས་ནས་ལྷུང་བའམ་ཡང་ན་ཐག་རིང་ག་གེ་མོ་ཞིག་ནས་སླེབས་པ་སྟེ་དོན་ལ་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པའི་ཐོལ་བྱུང་ཡུལ་འཁྱམས་པ་ལྟ་བུས་བོད་རྒྱལ་གྱི་ཐོག་མའི་ཁྲི་བཟུང་ཞིང་མངའ་འབངས་བདེ་ཐབས་སུ་བཀོད་ཚུལ་འདི་རེད།
      དྲང་བདེན་དང་ཡིད་ཆེས། བྱུང་རྒྱལ་དང་འདོད་ཞེན། ཧོལ་སྤྱོད་དང་ལྐུགས་རྟགས་སོགས་འདི་དང་འདི་དག་གི་ངོ་བོ་གང་ཞིག་ཏུ་གཏན་མ་འཁེལ་བའི་རྒྱུ་མཚན་རྙོག་མ་འདི་དང་འདི་འདྲའི་དབང་གིས་སྔ་བར་ཕྱི་གསུམ་དུ་སེམས་ཁོང་ན་དྭངས་གཙང་ལྷད་མེད་པའི་ཉམ་ཆུང་རྒྱ་ཆེའི་མི་དམངས་ཀྱི་མགོ་བོ་མགལ་མེ་ལྟར་འཁོར་ཞིང་རྡོ་ཆག་བཙན་བསྒྲིགས་ཀྱིས་དངོས་བྱུང་ལོ་རྒྱུས་མཐའ་དག་རབ་རིབ་མག་མོག་ཏུ་བཏང་ཞིང་། ནམ་ཡང་གཞི་མེད་རྟོག་བཏགས་ཁོ་ནས་གྲུབ་པའི་རྟག་བརྟན་གྱི་འཇིག་རྟེན་ཞིག་དང་། ཕུན་ཚོགས་མངའ་ལྡན་གྱི་ཆེས་ཡང་དག་པའི་ཞིང་ཁམས་ཤིག  དག་སྣང་རྟོག་འགྱུའི་ལྷ་སྒྲུང་ངོ་མ་ཞིག་སྟེ།  མདོར་ན་དོན་དངོས་རང་བབས་ཆོས་ཉིད་ཀྱི་གནས་སྟངས་དང་ཁ་ཕྱོགས་ཀུན་གྱི་ཚུལ་ལུགས་ལས་ཡོངས་སུ་བརྒལ་ཏེ་འབྱུང་འགྱུར་གྱི་ཡོད་ཚད་ཐམས་ཅད་རྨི་ལམ་ལ་བཅོལ་ཞིང་། རེ་སྨོན་མཐའ་དག་མངོན་འགྱུར་དོན་དངོས་སུ་ཁས་ལེན་ཡིད་ཆེས་བྱེད་པའི་ཐལ་དྲགས་པའི་ལྐུགས་རྟགས་སམ་རྫོབ་རྟགས་དཔེ་མེད་ཅིག་ནི་མུ་མཐུད་དེ་དུས་ད་ལྟའང་བསྟན་བསྟན་པ་རེད།  དེ་ལྟར་མིན་པར་དྲང་བདེན་དང་གནས་ལུགས་རྒྱུ་མཚན་ཡོད་པའི་དབང་དུ་བྱས་ན་རང་ཡུལ་རང་མིས་རྒྱུས་ཡོད་ཀྱིས་སྐྱོང་ཞིང་འབྲེལ་ཆགས་ཡིད་ཆེས་ཀྱིས་ཆིག་སྒྲིལ་སྟངས་འཛིན་ཐུབ་པའི་གནས་ལུགས་ཀྱི་བདེན་དཔང་དང་གཏན་ཚིགས་སོགས་ཀྱི་འགྲེལ་བཤད་མང་དུ་ཡོད་ཀྱང་དེ་ལྟར་བསམ་ཤེས་ཀྱིས་དང་ལེན་དང་བཟོད་སྒོམ་མི་ཐུབ་པའི་ཁར་ད་དུང་ཕ་བསད་རྒྱལ་རྔ་བརྡུངས་པའི་དཔེ་བཞིན་ལྷ་ཡུལ་དང་། ཀླུ་ཡུལ། འཕགས་ཡུལ་སོགས་རབ་བཏགས་ཆེ་བཙན་ཡོད་རྒུ་སྣང་བ་དག་པའི་ལུགས་སུ་བཀོད་དེ་ལྗིད་ཁོག་དང་རིན་ཐང་ཡོད་རབས་སྟོན་པ་ཙམ་ལས་དོན་དངོས་སུ་བྱབ་ཆུང་ཕན་མེད་བྱ་སྤུ་ལས་ཡང་པར་སྣང་ཤས་ཆེར་འཛིན་གྱིས་བར་སྣང་སྟོང་པའི་ཁམས་སུ་དོན་མེད་བསླུ་བྲིད་ཀྱིས་ཡང་ཡང་ལྡིང་བཞིན་པ་ནི་བོད་ཁ་བ་གངས་ཅན་པའི་འདས་ཟིན་པའི་ལོ་རྒྱུས་དང་དོན་ངོ་མའི་བསླབ་བྱ་རེད།
      དེ་ལྟར་ང་ཚོས་དོན་དངོས་ལ་དཔྱོད་ཤེས་ཀྱི་མཉམ་འཇོག་མེད་ཅིང་དུས་ཚོད་ལ་ཚོད་བགམ་དང་རིན་ཐང་བརྩི་འཇོག་གི་བློ་གྲོས་མེད་པར་རྣམ་རྟོག་སྦུབ་འཚང་རླུང་གིས་བསྐུལ་ཏེ་དོན་མེད་རྨོངས་སྤྱོད་ཀྱིས་འཁྱོག་འགྲོ་ཁོ་ནར་བརྟེན་པའི་ཁ་སྟབས་ཉེར་ལེན་གྱིས་མི་ལོ་སྟོང་ཕྲག་གཉིས་ལྷག་ཙམ་འདས་ཟིན་པའི་སྒྲིག་གཞི་དང་བྱུང་རབས་ཀྱི་ལོ་རྒྱུས་ཡོད་ཅིང་ང་ཆེ་ང་བཙན་གྱི་བཙན་པོའི་སྟོབས་ཤུགས་ཞེས་ཤར་གླིང་ཨེ་ཤཱ་ཡའི་ཡུལ་ཁམས་ཀྱི་གསུམ་གཉིས་ས་ཐོག་ཏུ་ཞི་དྲག་དབང་ཤུགས་ཀྱིས་རྒྱ་བསྐྱེད་རྐང་རྗེས་ཕབ་མྱོང་བར་བཤད་པའི་ཁེངས་དྲེགས་ཀྱིས་རབ་ཏུ་སྦོས་པའི་ང་དང་ང་ཚོའི་མི་རིགས་འདིས་དུས་རབས་ཉེར་གཅིག་པའི་མིག་མདུན་གྱི་དེ་རིང་ཡང་དངོས་ཡོད་ལས་བརྒལ་ཏེ་ལྷ་སྒྲུང་དང་། ཆེས་ལྐོག་གྱུར་གྱི་ཞིང་ཁམས། ཐ་ན་རྨི་ལམ་ཚུན་ལའང་ཡིད་ཆེས་དང་རེ་བས་རྨོངས་ཤིང་འཐོམ་པར་ཡང་ཡང་དུ་འཇུག  དེ་ལྟ་བས་ན་ཇི་སྲིད་འཚོ་བའི་དུས་དང་གནས་སྐབས་གང་དུའང་དགོས་པ་ངེས་ཅན་གྱི་རྩ་བ་སྟེ་དུས་བསྟུན་གསལ་བྱེད་དུ་གྱུར་བའི་ཤེས་རིག་གི་འབྱུང་ཁུངས་མེད་ལ་དེས་འཛིན་སྐྱོང་འཕེལ་ཕྱོགས་སུ་རེ་བའི་རྒྱལ་སྐྱོང་བྱ་གཞག་གི་འོད་སྣང་དེ་བས་མེད་པར། བསམ་བློའི་མངོན་འདོད་ཀྱིས་འདུ་ཤེས་དང་འབྱུང་འགྱུར་བདེ་སྡུག་གི་ཁ་ཕྱོགས་སམ་སྟངས་འཛིན་དུ་བཤད་ཆོག་པའི་འགྲོ་ལམ་ཡོད་ཚད་ནི་ད་ལྟའང་ནག་ཁུང་འཐིབ་བེར་ཡོད་བཞིན་པ་འདི་རེད།
      དེར་མ་ཟད་དེ་ལྟར་དུ་ཡིད་ཆེས་ཤིག་དང་རེ་སྨོན་ཞིག་གིས་དབང་དུ་རྒྱུན་འཁྱོངས་ཨུ་ཚུགས་ཀྱིས་ཤིན་ཏུ་ཐལ་ཆ་ཆེས་པའི་ཚུལ་ལུགས་འདིས་མིའི་རིགས་ཀྱི་སྤྱི་ཚོགས་དང་མིའི་རིགས་ཀྱི་འགྲོ་བ་ཡོད་ཚད་ལ་ལུགས་མཐུན་འདྲ་མཉམ་ཀྱི་ཐུན་མོང་དུ་ངེས་པར་ཐོབ་པར་འོས་པའི་དངོས་ཡོད་འཚོ་གནས་བྱེད་སའི་གཞི་རྟེན་རང་ས་མང་ཉུང་སྦར་མོ་གང་དང་། ཆེ་ཆུང་གི་རྒྱ་ཁྱོན་རྐང་པ་འཇོག་ས་ཙམ་ཡང་རང་དབང་བདག་བཟུང་གིས་སྤྱོད་ཡུལ་དུ་མེད་པར་མཐའ་དག་སྟེ་ཡོད་ཚད་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་པའི་ཁ་སྟབས་འདི་བྱུང་བ་རེད། ང་ཚོས་བཟང་ས་ལ་བསྟོད་མི་ཤེས་མགོ་བོ་ཉིས་བརྩེགས་དང་ལག་སོར་དྲ་བས་འབྲེལ་བའི་བྱུང་རབས་ཀྱི་གཟི་བརྗིད་བསྐྱེད་དེ་དགའ་གུས་ཀྱི་མཆི་མ་འཁྱིལ་བའི་ཐལ་མོ་སྙིང་གར་སྦྱར་མྱོང་ལ། སྨད་མི་ཤེས་མགོ་བོར་རྭ་ཅོ་དང་མཇུག་མའི་རྡུང་རྡེག་གིས་ལོ་རྒྱུས་བརྩམས་ཤིང་མི་འདོད་པའི་ཁོང་ཁྲོའི་མཆིལ་ཞགས་ཀྱང་འཕེན་མྱོང་བ་མ་ཡིན་ནམ། དེ་དང་དེ་དག་ནི་བློ་རིག་རྣམ་པར་བཀྲ་ཞིང་དད་འདུན་ཡིད་ཆེས་ཀྱི་རབ་ཏུ་སྦོས་པའི་ངེད་ཅག་གངས་ཅན་པའི་བོད་མི་རིགས་ཀྱིས་ཡུན་རིང་འགྲུལ་བཞུད་བྱས་ཏེ་གཏོད་ཟིན་པའི་ལམ་བུ་ཞིག་དང་རླབས་ཆེན་རྣམ་དཔྱོད་ལས་གྲུབ་པའི་ལག་ལེན་གྱི་མཇུག་འབྲས་ཤིག་ཏུ་ནམ་ཡང་བཞེངས་བསྐྲུན་བྱས་ཟིན་པ་རེད། མ་ཟད་དེ་དག་ནི་བདེན་དོན་རླབས་རིས་ཀྱིས་བསྐྲུན་པའི་ད་ལྟ་དང་འདས་པའི་བོད་པ་ཚང་གི་དོན་ངོ་མའི་ལོ་རྒྱུས་ཀྱི་ཞལ་རས་མཐོང་བའི་མེ་ལོང་ལྟ་བུའི་ཡིག་ཚང་ཞིག་ཏུ་འདི་ལྟར་གྲུབ་སོང་བ་ནི་བཟང་ངན་དབྱེ་འབྱེད་དང་བྱས་ཉེས་ཁྲིམས་ལུགས་ཀྱི་ཐག་གཅོད་ལྟ་བུའི་སྐད་ཆ་མིན་པར་དོན་དངོས་ནི་དུས་དང་གནས་སྐབས་གང་ཞིག་ཏུའང་གསུབ་ཐབས་ཤིག་དང་དེ་བས་ཡལ་བོར་འགྲོ་རྒྱུ་མེད་པའི་ངེས་པ་གཏན་འཇགས་ཀྱི་གནས་ལུགས་ཤིག་ཡིན་སོང་བས་རེད།
      ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སྒྱུ་འཕྲུལ་ལྟ་བུའི་འཆར་ཡན་སྨོན་འདུན་གྱི་འདུ་ཤེས་ཟབ་མོའི་ལྷ་སྒྲུང་གི་ཀློང་དུ་འཐིམས་ཤིང་། རབ་རིབ་སྨིག་རྒྱུ་ལྟ་བུའི་བག་ཆགས་འཐོམ་སྦྲིད་ཅན་གྱི་མི་ཤེས་པའི་རབ་རིབ་ཀྱི་རྨོངས་དད་ཅིག་དང་། ཡོད་ཚད་བདེ་སྦྱིན་དཔལ་གྱིས་བསྐྱེད་པའི་བླ་ན་མེད་པའི་མཆོག་ཚད་མེད་ཐུགས་རྗེ་འཕྲིན་ལས་ཀྱི་མངའ་བདག་ཞི་བ་མྱང་འདས་ཀྱི་ལྷ་ཆོས་གང་ཞིག་དབྱེར་མི་ཕྱེད་པའི་ཟ་ཟིར་རྒྱུན་འབྱམས་ཀྱི་གནད་འགག་འདིས་ད་གཟོད་དོན་དངོས་མིའི་རིགས་ཀྱི་རང་དབང་མཁོ་སྒྲུབ་ཀྱི་འཚོ་གནས་དང་། འགྲོ་འདུག་སྤྱོད་གསུམ་གྱིས་མཚོན་པའི་དགོས་ངེས་བསམ་འདུན་དུ་གྱུར་བའི་འདུ་བྱེད་འཚོལ་སྙེག་གི་བྱ་གཞག་གང་ལའང་དུས་ཀྱི་འཕེལ་ཕྱོགས་དང་མི་མཐུན་པར་ནམ་ཡང་ཚད་བཀག་ཚོད་འཛིན་གྱིས་བཀག་རྒྱ་རིམ་ཅན་དུ་ཐེབས་འགྲོ་བས་རྒྱུ་རྐྱེན་འདི་དང་འདི་དག་གིས་ད་གཟོད་དུས་རབས་ཉེར་གཅིག་པར་ཡང་སྦྲ་ནག་དང་ཕྱུགས་གསོ། བ་གླང་ཙམ་གཉའ་བ་སྦྲེལ་ཏེ་ས་ནག་བརྟུལ་ཏེ་ཞིང་དུ་བཅོས་ཤེས་པ་འདི་ཙམ་ལས་ལྷག་ཅིག་འདའ་མི་ཐུབ་པའི་མངོན་སུམ་གྱི་གནས་སྟངས་འདི་གཏན་འཁེལ་བྱུང་བ་རེད།  གཞན་ཡང་ང་ཚོས་དོན་དངོས་སུ་རང་ཉིད་ངོས་འཛིན་གཏན་ནས་མ་ཐུབ་པ་ཙམ་དུ་མ་ཟད་ཐ་ན་ཚིག་ཐོག་གི་ཁས་བླངས་ཙམ་ཡང་བྱ་འདོད་མེད་པའི་དོན་གྱི་རྨང་གཞི་འདིའི་སྟེང་དུ་ད་དུང་ཡང་ཡ་རབས་དང་བཟང་སྤྱོད། རྒྱ་ཆེ་གཏིང་ཟབ་པའི་རིག་གཞུང་། ཕུན་སུམ་ཚོགས་པའི་ཡུལ་གོམས་གཤིས་ལུགས། རླབས་ཆེན་གྱི་མི་རིགས་སོགས་དེ་དང་དེ་ལ་སོགས་པ་ཇི་ཙམ་གྱི་མིང་ཚིག་སྙན་བརྗིད་ཅན་རྣར་འགྲོ་ཞིང་ཡིད་ལ་འཇམ་པ་གང་ཞིག་བཏགས་ཀྱང་ཆོག གང་ལྟར་དོན་དངོས་ཀྱི་རང་བཞིན་ནམ་གནས་ཚོད་དག་ནི་ནམ་ཡང་ཁ་མཁས་ཚིག་སྙན་གྱི་ཕྱོགས་ལྷུང་ཅན་ཞིག་མ་ཡིན་པར་དེ་ལས་ལྡོག་སྟེ་གནས་ལུགས་ལ་གཏུགས་ཚར་དུས་དུས་གང་ཞིག་དང་གནས་སྐབས་ཅི་ཞིག་གི་འགྱུར་ཁྱད་ལ་མ་ལྟོས་པར་ངེས་པ་ཅན་གྱི་མི་འགྱུར་བའི་གཏན་འཁེལ་ཆོས་ཉིད་ཅིག་ཏུ་འདི་ལྟར་གྲུབ་ཟིན་པ་རེད། དེས་ན་ནམ་ཡང་ཞར་ཡང་ཡིད་ལ་བསམ་པ་ཙམ་དང་།  སྨོན་འདུན་བྱས་པ་ཙམ།  ཁ་ནས་བརྗོད་པ་ཙམ་གྱི་རྗེས་འགྲོ་མི་བྱེད་པར་མ་ཟད་དེ་བས་ཤིན་ཏུ་བཙན་པའི་རྒྱུ་འབྲས་ཀྱི་འགྲོ་ལུགས་ཤིག་དང་མ་བསྟུན་པའི་ཐབས་མེད་པ་ནི་ད་ལྟ་མཐོང་ཆོས་མིག་མདུན་དུ་ཡོད་བཞིན་པའི་རང་རེ་བོད་མི་རིགས་སྤྱི་སྒེར་ཐུན་མོང་གི་མྱོང་རོལ་བྱེད་བཞིན་པའི་ཡོངས་ཁྱབ་དངོས་ཡོད་ཀྱི་གནས་སྟངས་འདིས་གསལ་བཤད་ཡང་དག་པར་བྱས་ཟིན་པ་རེད།
      ང་ཚོས་ད་དུང་ཡང་ངེས་པར་དུ་ཤེས་དགོས་པའི་གནད་འགག་ཅིག་ནི་འདས་ཟིན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་། བོད་མི་རིགས་ཀྱི་མི་ཚེ་སྤྱིའི་འཚོ་ལམ། ད་ལྟ་བགྲོད་བཞིན་པའི་ཀྱག་ཀྱོག་དང་དྲང་ཕྱོགས་སོགས་ཀྱི་གནས་སྟངས་གང་ཞིག་དང་འགྲོ་ལམ་ཅི་འདྲ་ཞིག་གི་སྐྱིད་སྡུག་ཏུ་ཡོད་མིན་འདི་ཡིན་ཅིག་ངེས་པར་དུ་བསམ་གཞིགས་ཀྱིས་ཕྱིར་བལྟས་ཐེངས་གཅིག་མ་མཐར་ཡང་བྱེད་དགོས་པ་ནི་དུས་ཚོད་ཀྱིས་ང་ཚོར་སྤྲད་པའི་བཟློག་མེད་ཀྱི་འགན་འཁྲི་ཞིག་དང་། ད་ལྟའི་བོད་མི་རིགས་ཀྱི་གནས་སྟངས་ཧྲིལ་པོའི་ཆ་ནས་དགོས་ངེས་ཤིག་དང་། དེ་བས་མིའི་རིགས་ཀྱི་ཐུན་མོང་རྣམ་དཔྱོད་ལས་གྲུབ་པའི་འོས་ཤིང་འཚམས་པའི་ཐག་གཅོད་ཀྱི་ལམ་བུ་གཡོལ་དུ་མི་རུང་བ་གལ་ཆེན་ནང་གི་དོན་ཆེན་ཞིག་ཀྱང་རེད་ཅེས་འདི་ལྟར་ནན་བཤད་བྱས་ཆོག་པ་རེད། དེས་ན་ང་ཚོས་གནས་དོན་འདི་ཉིད་གཙིགས་སུ་བཟུང་ནས་བསམ་གཞིགས་ཀྱིས་ཆེ་ས་མི་སྡེ་སྤྱི་ཚོགས་ཧྲིལ་པོའི་ཐུན་མོང་འཚོ་གནས་ཀྱི་འདས་པའི་ལོ་རྒྱུས་ཀྱི་ཕྱོགས་ཤིག་དང་། ད་ལྟའི་གནས་བབ་དང་། མ་འོངས་པའི་ཁ་ཕྱོགས།  ཆུང་ས་མི་སོ་སོའི་བསམ་འདུན་དང་འབྲེལ་བའི་མི་ཚེའི་དོན་སྙིང་དང་། བསྒྲུབ་བྱ། འཚོལ་སྙེག་གི་གནས་དོན་བཅས་ལ་དཔྱོད་ཤེས་ཀྱིས་ཕྱིར་རྟོག་འོས་འཚམས་ཤིག་མི་བྱེད་པའི་ཐབས་མེད་པ་རེད། རྒྱུ་མཚན་ཡང་སྔར་བཤད་པའི་ཐུན་མོང་འགྲོ་བ་མིའི་རིགས་ཀྱི་སྤྱིའི་བསམ་གཞིགས་ཀྱི་འགྲོ་སྟངས་ཡིན་པ་ཙམ་དུ་མ་ཟད། འདི་ནི་ང་དང་ང་ཚོའི་ཤ་ཁྲག་གི་སྤུན་ཟླ་མི་རིགས་སྤྱི་ཡོངས་ཀྱི་དུས་བབ་ཀྱི་དགོས་མཁོ་ཡིན་པ་ནི་ཡོངས་གྲགས་སུ་རྣ་བས་ཐོས་ཤིང་མངོན་སུམ་མིག་གིས་མཐོང་བཞིན་པའི་རྒྱལ་ཁབ་གཞན་དང་མི་རིགས་གཞན་དག་གི་རང་དབང་འཚོ་གནས་ཀྱི་ལམ་ཕྱོགས་རྩ་བ་གཞི་རྟེན་དུ་བྱས་པའི་ད་ལྟའི་འཛམ་བུ་གླིང་ཁྱོན་ཡོངས་ཀྱི་སྤྱིའི་གནས་སྟངས་དང་། ལྷག་དོན་དུས་བསྟུན་འཕེལ་ཕྱོགས་གང་ཅིར་དགོས་མཁོ་དང་འཚམས་པར་ཡར་རྒྱས་ཀྱི་རྩེ་མོར་སོན་པ་ཙམ་དུ་མ་ཟད་རང་ས་རྒྱ་བསྐྱེད་ཀྱི་ཕྱིར་དུ་ཟླ་བའི་གྲོང་དང་སྐར་མ་གཞན་དང་གཞན་དག་གི་སྟེང་དུ་འཚོལ་ཞིབ་ཀྱིས་བགྲོད་བཞིན་པའི་གནས་སྟངས་མངོན་སུམ་དུ་ཡོད་ནའང་། རང་ཅག་ནི་དུས་ད་ལྟའང་རང་ལ་དབང་བའི་རྒྱལ་ཁབ་ཀྱི་ངོ་བོ་ཙམ་དང་ས་ཁོངས་སྦར་མཐིལ་ཙམ་ཡང་རང་དབང་ལོངས་སྤྱོད་ཀྱི་བདག་དབང་ཁྲིམས་ཐོག་ཏུ་བསྟན་དུ་མེད་པར་མིག་མདུན་གྱི་ཡོད་ཚད་ནི། དམར་པོའི་བཙན་འོག་ཏུ་ཚུད་པའི་རྒྱལ་ཤོར་བྲན་གཡོག་རང་གི་སྣ་ཐག་གཞན་ལག་ཏུ་ཤོར་བས་རང་དབང་འཚོ་གནས་ཀྱི་བདེ་སྐྱིད་ཡོད་ཚད་མཚན་མོའི་རྨི་ལམ་དུ་བསུ་ཞིང་ལོ་ཟླ་དུས་ཚོད་ཧྲིལ་པོ་ཤིན་ཏུ་ཉམ་ང་སྡུག་ཟད་ཁོ་ནར་སྐྱེལ་བའི་བཙན་འོག་ཏུ་གནས་པའི་ཕྱོགས་གཅིག་དང་། གཞན་ཏེ་མི་རིགས་གཞན་དང་གཞན་གྱི་ངོ་གདོང་དཀར་ནག་ལ་ལྟོས་ཏེ་འགྲོ་སྡོད་གང་ཅིར་ཤིན་ཏུ་གཟབ་ནན་དངངས་སྐྲག་གིས་གནས་སྟངས་དང་གཙོ་བོ་ལོབ་ཕྱོགས་སམ་གོམས་འདྲིས་སུ་གྱུར་བའི་རང་མི་རིགས་ཀྱི་སྐད་ཡིག་དེ་ཡང་བེད་མེད་བསྡུ་གསོག་ཐོག་གཞན་གྱི་སྐད་ཡིག་དང་ལམ་ལུགས་གང་སར་ལད་ཟློས་ཨུ་ཚུགས་དང་མཐོང་ཆུང་བརྙས་སྨོད་ཀྱིས་ལོ་ཟླའི་ཁྲོད་དུ་རང་ཡུལ་ཤོར་བའི་མིང་བྱང་ནག་པོ་སྙིང་ལ་བྲིས་པའི་ཡུལ་བྱོལ་སྤྲང་འཁྱམས་ཁྱུ་ཚོགས་ཤིག་ལས་ང་ཚོར་ད་དུང་གང་ཞིག་ལྷག་ཡོད་པ་སྲིད་དམ།
      དེས་ན་ང་ཚོས་མིག་སྔའི་གནས་དོན་འདི་དག་རྒྱལ་ཕམ་ཐོབ་ཤོར་དང་བཟང་ངན་སྐྱིད་སྡུག་གང་ཞིག་གི་ཁ་ཕྱོགས་སུ་ཡོད་མིན་གྱི་གནས་སྟངས་དངོས་དངོས་རྗེན་རྗེན་འདི་གསལ་རྟོགས་དགོས་པ་སྨོས་མེད་གཞི་རྩའི་ཐོག་གཙོ་བོ་གནས་དོན་དེ་དང་དེ་དག་གི་འབྱུང་ཁུངས་སམ་ལྟོས་གྲུབ་ཀྱི་རྐྱེན་རྩ་གཙོ་བོ་གང་ཞིག་ཏུ་རག་ལས་ཡོད་མེད་ཀྱི་གནད་འདི་ངེས་འདྲོངས་རྩད་གཅོད་ཀྱིས་མཇུག་བསྡོམས་ཞིབ་ཕྲ་ཞིག་འབྱུང་ཐུབ་མིན་ཇི་ལྟར་དཀའ་ཡང་རགས་རིམ་ཞིག་ནི་ཅིས་ཀྱང་མི་བྱེད་པའི་མཐུ་མེད་པ་རེད།  དེ་ལྟར་དབྱེ་ཞིབ་དང་འབྲེལ་བའི་རྩད་གཅོད་ཁུངས་སྐྱེལ་དེ་ཡང་ལུགས་མཐུན་དགོས་ངེས་ཀྱི་ཚད་ལྡན་ལམ་ལུགས་ཤིག་ཏུ་འཕོ་འགྱུར་འགྲོ་དགོས་ན་ཐོག་མར་རྒྱལ་ཁབ་འདི་དང་འདི་ཉིད་ཀྱི་འཛིན་སྐྱོངས་ལམ་ལུགས་སམ་གཞི་རྩའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ལངས་ཕྱོགས་དང་ཁྲིམས་སྲོལ་གྲུབ་ཆའི་ཕྱོགས་ནས་འགོ་འཛུགས་དགོས་པ་ནི་གནས་དོན་འདིའི་འབྱུང་ཁུངས་ཀྱི་རྩ་བའི་རྨང་གཞིར་བཤད་ཆོག་ལ། དེ་ཡང་ལུགས་ཟུང་ཆོས་སྲིད་ཞེས་མིང་གི་ཆོ་ལོ་མཐོ་བའི་ཆོས་མིན་སྲིད་མིན་གྱི་སྒྲིག་འཛུགས་ལམ་ལུགས་ཤིག་གིས་དུས་ཡུན་རིང་པོར་སྲ་ཚུགས་བརྟན་ལྷིང་མ་ཡིན་པའི་རབ་རིབ་དང་མག་མོག་གི་བརྒྱུད་རིམ་ཞིག་དང་ནམ་ཡང་ཁ་བྲལ་ཐབས་མེད་པ་ནི་གནད་དོན་འདིའི་རྒྱུད་སྐུད་ཅིག་དང་འབྱུང་འཕེལ་གྱི་གཞི་རྩའི་སྒལ་ཚིགས་ལྟ་བུར་བཤད་ཆོག་པ་རེད།
      ང་ཚོས་ཆབ་དཔལ་རིག་གསུམ་དར་བའི་རྩེ་མོར་སོན་པའི་བླ་ན་མེད་པའི་བཙན་པོའི་རྒྱལ་རབས་ཞེས་དངོས་ཡོད་མི་ལོ་ཉིས་བརྒྱ་ལྷག་ཙམ་གྱི་དུས་ཡུན་འདི་དག་ཕུད་པས། གཞན་གྱི་ལོ་རྒྱུས་སྤྱི་དང་རྒྱུན་རིང་དངོས་ཡོད་འཚོ་བའི་ཁྲོད་དུ་གོམས་འདྲིས་བྱེད་དང་བྱེད་བཞིན་པའི་ལམ་ལུགས་ཡོད་ཚད་དང་དེ་དག་འཛིན་སྐྱོང་མིའི་རིགས་ཀྱི་ཀུན་སྤྱོད་ལག་ལེན་སོགས་བྱ་བྱེད་ཡོད་ཚད་བརྒྱུད་དེ་ང་ཚོས་གསལ་གྱི་ལེར་མཐོང་ཐུབ་པ་ཞིག་ནི་རྒྱལ་ཁབ་ཀྱི་ངོ་བོ་བདེ་ཐབས་དང་ཉམས་རྒུད། མི་རིགས་ཀྱི་ཁྲིམས་ལུགས་དང་སྒྲིག་གཞི། འཚོ་བའི་ཁ་ཕྱོགས་དང་དོན་སྙིང་སོགས་ཆེ་རྒུ་ལས་ཀྱི་བྱ་བའི་འཁོར་ལོ་མཐའ་དག་ཆོས་དང་འཇིག་རྟེན་སྐྱ་སྦྲེལ་གྱིས་ཐུན་མོང་ལུགས་སུ་ཆིག་སྒྲིལ་ནུས་པའི་སྟོབས་ཤུགས་ཤིག་གཏན་ནས་མེད་པར་ཚ་གྲང་དང་ཡང་ལྕི་ལྟ་བུའི་འགལ་འབྲེལ་གནོད་ཚབས་ཀྱིས་ནུས་པར་བསྟེན་བཞིན་དུ་མི་ལོ་བརྒྱ་ཕྲག་དུ་མ་འདི་ལྟར་ཟ་ཟིར་དང་ཐམ་ཐོམ་བརྒྱུད་དེ་འོངས་རྐྱང་ཁོ་ན་བྱས་པ་རེད།  མ་ཟད་གཞི་རྩའི་གཏན་འཇགས་སུ་གྱུར་ཟིན་པའི་ལམ་དང་ལུགས་སྲོལ་འདིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཀྱི་དོན་ཆེན་གང་ཞིག་དང་། མི་རིགས་ཀྱི་གནས་དོན་ཅི་ཞིག་གི་བརྒྱུད་རིམ་ཐད་གལ་གནད་ཆེ་ས་ཁག་དང་རྒྱུ་རྐྱེན་མང་ཤས་རིགས་ལ་ང་ཚོ་ཐུན་མོང་མངོན་སུམ་སྣང་ཚོད་དུ་ཇི་ལྟར་ཁས་བླངས་ལོངས་སྤྱོད་བྱེད་མཁན་གྱི་འཇིག་རྟེན་འདིའི་ཐོག་གི་འགྲོ་བ་མི་ཞིག་གིས་ངོས་ནས་རང་བབས་བསམ་གཞིགས་གཏན་ནས་མ་ཐུབ་པ་ཞིག་སྟེ། གནས་དོན་གང་དང་ཅིའི་སྐབས་ཐོག་སོ་སོར་འོས་ཤིང་འཚམས་པའི་བདེན་སྟོབས་མཇུག་འབྲས་ཀྱི་ཐག་གཅོད་ཅིག་དང་བབ་བསྟུན་གནས་ལུགས་སོགས་ཀྱི་ཡང་དག་པར་ཟིན་པའི་འགྲེལ་བརྗོད་ཚད་ལྡན་གྱི་སྐད་ཆའི་ཁུངས་ལུང་རྒྱུ་མཚན་འདི་རིགས་ཡེ་ནས་མེད་པར་ཆོས་སར་སྲིད་ཞུགས་ཤིང་། སྲིད་སར་དེ་མ་ཐག་ཆོས་ཞུགས་ཏེ་ཡོད་ཚད་དོན་དངོས་ལས་བརྒལ་བའི་རབ་རིབ་ཅིག་དང་། མག་མོག་ཅིག ཁྲལ་འཁྲུལ་གྱི་རྨི་ལམ་ཞིག དེ་བས་དྲང་ཚུགས་དང་དངོས་ཡོད་མིན་པའི་ལྷ་སྒྲུང་ལྟ་བུའི་ངང་དུ་གང་འདོད་འདུ་ཤེས་ཁོ་ནས་ཁ་བསྒྱུར་བའི་ལུགས་ཏེ་མཐར་ཐུག་གི་དོན་འབྲས་དང་སྙིང་པོ་གང་ཞིག་ལ་འགན་འཁུར་བའི་བསམ་གཞིགས་དང་རྩིས་འགྲོ་གཏན་ནས་གཏོང་མི་དགོས་པར་མཇུག་བསྡོམས་ཐབས་ཇུས་ཡ་མཚན་ཅན་ཤ་སྟག་བེད་སྤྱོད་བྱེད་རྐྱང་བྱེད་པ་རེད། སྤྱིར་ང་ཚོའི་རིགས་ཀྱི་མེས་པོ་དག་ལས་བརྒྱུད་དེ་འོངས་པའི་སྤྱི་ཚོགས་ཧྲིལ་པོའི་སྒྲིག་འཛུགས་སམ་འཛིན་སྐྱོངས་ལམ་ལུགས་ཀྱི་གཞི་རྩའི་གནས་དོན་འདི་དག་ནི་རྩམ་གཟན་འགྲོ་བ་མིའི་རིགས་ཀྱི་དངོས་ཡོད་མིག་མདུན་གྱི་འཚོ་གནས་དགོས་མཁོ་འགན་ལེན་གྱི་ཕྱིར་དང་། བོད་ཁ་བ་གངས་ཅན་པའི་རྒྱལ་ཁབ་འདི་ཉིད་ལུགས་མཐུན་སྐྱོང་ཐབས་ཚུལ་གྱི་གནས་ལུགས་རྒྱུ་མཚན་གྱིས་ཟིན་པའི་ཐབས་ལམ་འདི་ཙམ་མ་ཡིན་པར། གཙོ་བོ་ནང་གི་སེམས་རྒྱ་བསྐྱེད་ཅིང་སེམས་འཕང་མཐོ་རུ་བསྟོད་དེ་མིའི་རིགས་ཀྱི་ངོས་འཛིན་གཅིག་གྱུར་དང་མངོན་སུམ་གྱི་སྤྱོད་ཡུལ་ལས་ཤོར་སོང་བའི་ཡོད་མིན་མེད་མིན་དང་། བཟང་མིན་ངན་མིན་གྱི་མཐོང་དང་མ་མཐོང་བའི་ལྷ་འདྲེ་མཐའ་དག་ལ་དེ་བས་མཐོང་ཆེན་གྱིས་སོ་སོའི་ངོ་བོ་ལ་གཞིགས་པའི་ལས་གནས་བཀོད་སྒྲིག་དང་། ས་ཁོངས་བདག་ཐོབ། ཇ་ཕུད་ཆང་ཕུད་ཀྱི་མཐུན་རྐྱེན། ཐོབ་གོ་གྲལ་རིམ་དབྱེ་མཚམས་ཀྱིས་མཚོན་པས་ཕྱོགས་གང་ཅིར་འགན་ལེན་འཐུས་ཚང་ཞིག་བྱེད་དགོས་པས།  དེས་ན་ང་ཚོའི་རྒྱུན་སྲོལ་གོམས་གཤིས་དང་མཐའ་གཅིག་ཏུ་འབྲེལ་བའི་རྒྱལ་དོན་ཁྲིམས་ལུགས་དང་བཅས་པའི་བྱ་སྤྱོད་ལམ་ལུགས་ཀྱི་གཞི་མ་ཡོད་ཚད་འདི་དག་ནི་ང་ཚོ་དང་ཤིན་ཏུ་ཁ་ཐག་རིང་བའི་མག་མོག་གི་ཕུགས་བསམ་ཞིག་དང་སྒྱུ་འཕྲུལ་རྟོག་བཟོའི་མངོན་འདོད་ལྷ་སྒྲུང་དང་ཆབས་ཅིག་ཏུ་ལྷ་འདྲེའི་ཚོགས་སྤྱི་དང་། གཟུགས་མེད་མཐུ་བོ་ཆེའི་ཡུལ་ལྷ་ས་བདག་གཞི་བདག་དང་བཅས་པའི་དྲན་འཕྲུལ་སྣ་མང་གི་རྨང་གཞིའི་ཐོག་ཡུལ་འདིའི་ཡོངས་ཁྱབ་ཀྱི་དར་རྒུད་དང་ཐོབ་ཤོར་གྱི་རྒྱལ་ཕམ་ཡོངས་རྫོགས་ཚུད་པས། རྒྱལ་ཁབ་འདིའི་ངོ་བོའམ་སྤྱི་ཚོགས་འདིའི་ཁྱོན་ཡོངས་ཀྱི་གཞི་རྩའི་གྲུབ་ཆ་འདི་འདྲ་ཞིག་རེད།
      སྤྱིར་ལྷ་སྒྲུང་ཞེས་པ་ནི་འགྲོ་བ་མིའི་རིགས་ཀྱི་ཕུན་སུམ་ཚོགས་པའི་འཚོ་བ་མཐར་ཐུག་ཅིག་བློས་བསླངས་མཛེས་རྟོག་གིས་བཞེངས་བསྐྲུན་བྱས་ཏེ་ལྷ་ཡུལ་ཞེས་པའི་མཐའ་དཔྱོད་ངེས་མེད་མཐོང་བ་ལྐོག་གྱུར་གྱི་ཡུལ་ཁམས་ཤིག་ཏུ་བསྒྲིགས་སྦྱོར་བྱས་ཤིང་།  རང་དང་རང་ཉིད་ཐེ་བའི་སྤྱི་སྒེར་གང་ཞིག་གིས་མངོན་སུམ་ཚད་གྲུབ་ཀྱི་འཇིག་རྟེན་འདི་ནས་ནམ་ཡང་སྒྲུབ་མ་ཐུབ་པའི་ཕུགས་བསམ་ཏེ་བྱ་དཀའ་བའི་གནས་དོན་མང་པོ་ཞིག་འབད་མེད་ལྷུན་གྲུབ་ཀྱི་བྱུང་རིམ་ཞིག་དང་། རང་དང་རང་ཉིད་ཀྱིས་བསམ་པའི་འདུ་ཤེས་ཙམ་ལས་བདག་གིར་ལོངས་སྤྱོད་ཀྱི་ཡུལ་དུ་མེད་པའམ་ཡོད་ཀྱང་ཆེས་དཀོན་པའི་རིན་པོ་ཆེའི་རིགས་སྣ་ཚོགས་ཤིག་དང་། གྲོང་དང་གྲོང་ཁྱེར་སྐྱེད་མོས་ཚལ་ལ་སོགས་པའི་ཡུལ་ལྗོངས་བཀོད་པས་མཛེས་ཤིང་ཕུན་སུམ་ཚོགས་པ། གཟུགས་དང་ལང་ཚོ་རབ་ཏུ་རྒྱས་ཤིང་ཕུལ་བྱུང་དཔའ་མཛངས་ཅན་གྱི་མིའི་རིགས་ཀྱི་མཐོ་ཚད་བཟང་རྒུ་ལྷ་རུ་བསྐྱལ་ཞིང་། གདོན་འདྲེ་ཞེས་ཁ་གདངས་མཆེ་བ་གཙིགས་པ། མིའི་ལུས་ལ་དུད་འགྲོའི་མགོ་དང་ཡན་ལག་དུ་མ་དང་ལྡན་ཞིང་ཤིན་ཏུ་མི་སྡུག་པའི་གཟུགས་ཅན། མི་ལས་འདས་པའི་ནུས་སྟོབས་དང་བསམ་སྦྱོར་རྩུབ་པས་རྒྱུན་དུ་གཞན་ལ་གནོད་ཅིང་འཚེ། དེ་ཡང་འོད་སྣང་མེད་པའི་འཇིགས་རུང་གི་ཡུལ་ལུང་ནག་ཧུར་ཧུར་ཅིག་དང་བདེ་དྲོད་མེད་པའི་ཉམ་ང་གྲང་ཤུར་ཤུར་གྱི་ཡུལ་ཞིག་ཏུ་ཤ་ཁྲག་ཟས་སུ་བསྟེན་ཏེ་རུས་པའི་ཕུང་གསོག་གི་ཁྲོད་དུ་འཚོ་སྡོད་བྱེད་པ་སོགས་མདོར་ན་འཇིག་རྟེན་མིའི་རིགས་ཀྱི་འདོད་མི་འདོད་དང་དགའ་མི་དགའི་དབྱེ་མཚམས་གསལ་པོར་ཕྱེ་བའི་ནང་སེམས་རྟོག་བཏགས་ཀྱིས་འཚོ་བའི་བརྒྱུད་རིམ་བསྒྲིགས་པའི་འཁྲབ་སྟོན་ཞིག་གམ་ལྷུ་ལག་ཚང་བའི་ངག་ཐོག་གི་གཏམ་རྒྱུད་ཙམ་རེད།
     
      དེ་ལྟར་དོན་དངོས་སུ་གནས་བབ་དང་ངོས་འཛིན་ཇི་ལྟར་ཡང་རྟོག་བཏགས་དང་དྲན་ཚུལ་སྣ་མང་གིས་ཆེར་བསྐྱེད་པའི་ལམ་སྲོལ་གུ་ཡངས་ཅན་དགོད་བྲོ་བོ་གང་ཞིག་འདི་འདྲ་དང་ནམ་ཡང་སྐྱ་འཐབ་པའི་བསམ་བློའི་རང་དབང་དང་མཐོ་བསྙེགས་ཀྱིས་འདུ་ཤེས་འདི་འདྲ་ཡོད་པའི་སྟབས་ལས་ཨ་ཁུ་སྟོན་པ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་སྨྲ་བསམ་བརྗོད་མེད་དུ་བསམ་གཞིགས་ཀྱི་མཐོང་སྣེ་ལས་བརྒལ་བའི་ཆོས་འཁོར་བསྐོར་བའི་ཡང་དག་པའི་མཛད་འཕྲིན་དང་། འབྲུག་པ་ཀུན་ལེགས་ཀྱིས་ས་མཐའ་ར་ལུང་གི་ཚོང་དཔོན་དང་གནས་པོའི་གནའ་མ་འཕྲོག་སྟེ་བསྟན་འགྲོའི་དོན་ཆེན་རླབས་པོ་ཆེ་མཛད་པར་མ་ཟད། མཚར་སྡུག་མཛེས་པ་དཔལ་གྱི་བདུད་རྩིར་གྱུར་བའི་འོད་དཔག་མེད་ཀྱི་དབུ་རྒྱན་བསྒྲོན་པའི་དཔའ་མཛངས་ཕུལ་བྱུང་གི་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ལྷ་ཡི་རྣམ་སྤྲུལ་དུ་འདུག་ལ། སངས་རྒྱས་ཆོས་ལུགས་ལ་གཟིགས་ཚུལ་མི་ལེགས་པས་བཙན་པོ་གླང་དར་ཡང་མགོ་བོར་དུད་འགྲོའི་རྭ་ཅོ་སྐྱེས་ཏེ་སྨོན་ལམ་ལོག་པའི་བདུད་ཀྱི་འཕྲུལ་དུ་བཀོད་པ་སོགས་མདོར་ན་ལྷ་འདྲེའི་དཔེ་མཚོན་གང་ཞིག་འདི་དག་ལས་རང་རང་བྱེད་ལས་ཀྱི་ཆ་ནས་ཡག་ཉེས་དང་། བཟང་ངན་སོགས་མཐའ་གཅིག་ཏུ་མི་མཚུངས་པར་ནམ་ཡང་བདེན་དོན་གྱི་གནས་ལུགས་ཤིག་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིག དེ་བས་དཔང་པོའི་ཁུངས་སྣེ་ཞིག་དོན་ངོ་མར་བསྟན་དུ་ཡོད་ཆོག་ཀྱང་། མགོ་བོར་བརྩེགས་པའི་འོད་དཔག་མེད་ཀྱི་དབུ་དང་། གླང་གི་རྭ་ཅོ། ད་དུང་དེ་དང་དེ་ལ་སོགས་པའི་སྐྱུག་བྲོ་བའི་རབ་བཏགས་གང་ཞིག་དེ་དག་ནི་ནམ་ཡང་དྲང་བདེན་གནས་ལུགས་ཀྱིས་ཟིན་པའི་དོན་དངོས་ཤིག་གཏན་ནས་མ་ཡིན་པར་དེ་ལས་ལྡོག་སྟེ་ཆགས་སྡང་མཉམ་སྡེབ་ཀྱིས་ལོ་རྒྱུས་འཁྱོག་པོར་གཏོང་བའི་འུད་སྒྲོག་ཅིག་དང་། དེ་བས་འདུ་ཤེས་ལྷ་སྒྲུང་གི་ནང་དུ་ཞུགས་ཤིང་གང་བསམ་དེ་དྲན་གྱིས་ཧོལ་སྤྱོད་དུ་གྱུར་བའི་བཟང་ངན་གཉིས་ལ་བསྟོད་སྨད་བྱེད་ཚུལ་གྱི་ཤིན་ཏུ་ཐལ་དྲགས་པའི་མིའི་རིགས་ཀྱི་ཧམ་སེམས་མངོན་སྟངས་ཤིག་ལས་དེ་མིན་དོན་དངོས་ཀྱི་གཏན་ཚིགས་ཡོད་ཅིང་དྲང་བདེན་གྱི་ཁུངས་སམ་ཁྲིམས་ལུགས་ཀྱིས་འགན་འཁུར་ཡོད་པའི་སྐད་ཆ་ཞིག་ནི་ནམ་ཡང་ཡིན་རྒྱུ་མ་རེད། མ་ཟད་དེ་དང་དེ་དག་ནི་ལྷ་སྒྲུང་གི་རྨང་གཞིའི་སྟེང་ཆོས་ལུགས་ཀྱི་རྣམ་འགྱུར་འཛིན་པའི་མི་རིགས་འདི་དང་འདིའི་སྲོལ་རྒྱུན་གྱི་ཁྱད་རྟགས་ཤིག་ལས་ནམ་ཡང་འདའ་ཐུབ་མེད་པ་ནི་འགན་འཁུར་ཏེ་བཤད་ཆོག་པའི་དྲང་བདེན་གནས་ལུགས་ཀྱི་སྐད་ཆ་ཞིག་རེད། ང་ཚོའི་འཚོ་བ་དང་ནམ་ཡང་ཁ་བྲལ་ཐབས་མེད་པའི་ཆེས་མངོན་འདོད་ཀྱི་ཕུགས་བསམ་ཡོད་ཚད་སྨོན་འདུན་གྱི་ཞིང་དུ་བཏབ་པའི་འདོད་རྒུ་ལོངས་སྤྱོད་ཕུན་ཚོགས་ཟད་མི་ཤེས་པའི་དག་ཞིང་ངམ། ལྷ་གནས་མཐོ་རིས་ཀྱི་གསལ་བྱེད་དུ་གྱུར་བའི་ལྷ་སྒྲུང་ཞེས་པའི་བརྡ་ཆད་འདི་ནི་རྒྱ་ནག་གི་འགྱུར་ཡིན་ཞིང་དེ་ཡང་རྒྱ་ནག་ཏུ་ནུབ་ཕྱོགས་ནས་དར་བར་བཤད་ཅིང་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་པ་དྲུག་པའི་ནང་བརྡ་ཆད་འདི་གསར་དུ་བྱུང་བར་གྲགས།
      དེ་ལྟར་ལྷ་སྒྲུང་དང་དངོས་ཡོད་འཚོ་བ་མཉམ་འདུས་བསྲེ་ལྷད་ཅན་གྱི་མི་ཚེ་སྤྱིའི་འཚོ་གནས་སམ་འཆི་གསོན་འགྱུར་ལྡོག་གིས་མཚོན་པའི་བྱ་གཞག་སོགས་ལམ་ལུགས་ཡོད་རྒུ་དེ་ལྟར་དུ་བསྙད་ཅིང་བརྟེན་པའི་རྙོག་འཛིངས་ཅན་གྱི་བག་ཆགས་འདིས་ད་གཟོད་མགོ་བཏེགས་ན་ལྷ་འདྲེར་ཕོག་ཐུག་དང་། རྐང་པ་སྤོ་ཉེས་ན་ས་བདག་གཞི་བདག་ལ་ཕོག་ཐུག་ཏུ་འགྲོ་བའི་ལེགས་བཤད་པོ་ཏི་གྲངས་མེད་ཅིག་དང་། མེས་པོའི་སྙན་བརྒྱུད་ཞལ་ཆེམས་དྲོད་མ་ཡལ་བའི་གདམས་ངག་དེ་དང་དེ་དག་གིས་མཐུ་སྟོབས་དང་འཕྲིན་ལས་ཆེས་ཆེར་དར་བའི་ཁོར་ཡུག་འདི་འདྲ་ཞིག་ཏུ་མགོ་ནག་རྩམ་གཟན་གྱི་བོད་པ་སྟེ་ཉམ་ཆུང་མིའི་རིགས་ཀྱི་འགྲོ་བ་འདིས་ཤིན་ཏུ་གཟབ་པའི་འགྲོ་ལུགས་སྡོད་མཁས་དང་། ཟ་མཁས་སྤྱོད་མཁས་ཀྱིས་མི་ལོ་སྟོང་ཕྲག་ལྷག་རིང་འདི་ལྟར་ཚུལ་འཆོས་སྒམ་ཚུགས་ཀྱི་ངང་དུ་ཡིན་མིན་མཉམ་བསྲེས་དང་འགྲིག་མིན་བསམ་གཞིགས་ཀྱིས་འཇུག་ལྡོག་སྤང་བླངས་རིགས་གཏན་ནས་འབད་རྩོལ་མི་དགོས་པར་ནམ་ཞག་འཆར་ཅན་ལྟ་བུར་རང་རང་གི་སྒལ་ཚིགས་མ་འཐོར་ཙམ་དང་དབུགས་རྒྱུན་མ་ཆད་ཙམ་དུ་འདི་ལྟར་ཁྲལ་མངོན་འཕྲལ་སྒྲུབ་ཙམ་དུ་བླ་ན་མེད་པའི་ཆོག་ཤེས་ཀྱི་མིང་བྱང་འདིའི་འོག་ཏུ་འཁྱར་འཁྱོར་དུ་འོངས་རྐྱང་ཁོ་ན་བྱས་པ་རེད།  རིང་དྲགས་པའི་དུས་ཚོད་འདིའི་ནང་ཉམ་ཆུང་རྒྱུན་འཛིན་པའི་མི་རིགས་འདི་དང་འདིའི་ལུས་གོམ་པའི་རྐང་སྣེ་ས་བདག་གཞི་བདག་གི་ཡུལ་ལྷ་དང་། ཁོག་བསམ་པའི་གཟབ་ས་ལྷ་འདྲེ་མཐུ་བོ་ཆེས་དབང་བསྒྱུར་བྱས་པའི་སྟབས་ལས་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པ་གང་གིའང་གནས་ཚོད་ཀྱི་འཇིག་རྟེན་དུ་མ་ཐེ་བའི་དབུལ་ཞིང་ཕོངས་པའི་འཚོ་གནས་ཐབས་ཆག་ཅིག་ཏུ་ཐམས་ཅད་ཀྱི་མིག་རྒྱང་གཉའ་ཤིང་ཙམ་དང་འགྲོ་འདུག་གི་རང་དབང་ནི་རང་ཁྱིམ་གྱི་ལྷས་ར་དང་ས་ཞིང་གི་རྒྱ་ཁྱོན་དེ་བས་ཕྱུགས་རིགས་ཀྱི་འཁོར་རྒྱ་ཙམ་ལས་གཞན་ཅི་ཞིག་ཡོད་དམ། མདོར་ན་མི་རིགས་འདིས་འདས་པའི་ལོ་ངོ་སྟོང་ཕྲག་ལྷག་རིང་སེམས་ཁོང་ན་རྟག་བརྟན་དུ་སྦྲུམ་པའི་་་་་སྨོན་འདུན་དང་རེ་བ་་་་་་་ཞེས་པ་འདིའི་ཚིག་དོན་གྱི་རྨི་ལམ་གཅིག་པུ་འདི་ཁོ་ནའི་ཁྲོད་དུ་ཡོངས་སུ་ཕམ་ཉེས་བྱུང་ཞིང་། ད་དུང་སྟེ་དུས་རབས་ཉེར་གཅིག་པར་ཡང་སྤྱིར་འཛམ་གླིང་གི་འགྱུར་འགྲོས་ལས་བྱུང་བའི་དངོས་ཡོད་ཤུགས་རྐྱེན་གྱི་རིམ་པ་ཁག་དང་། ཁྱད་པར་དུ་རྒྱ་ནག་དམར་པོའི་སྤྱི་ཚོགས་ཀྱི་གཅིག་བསྡུས་ལམ་ལུགས་སམ་བཙན་པོ་བཀས་དབང་བསྒྱུར་བའི་ཁྲིམས་སྒྲིག་གཏན་འབེབས་ཁག་ལ་དེ་བས་འགྱུར་ལྡོག་ཤུགས་ཆེ་ཞིག་འོང་བར་མིག་ཟུང་ཧྲིག་ཧྲིག་གིས་བལྟ་བཞིན། རྣ་ཅོག་ཀྲོང་ཀྲོང་གིས་ཉན་བཞིན། གང་ལྟར་ཡོད་ཚད་ཀྱིས་སེམས་ཁོང་ན་བཅངས་པའི་འདོད་འདུན་དང་བྱ་གཞག་གི་ཁ་ཕྱོགས་སོགས་ཡོད་ཚད་ཐམས་ཅད་ཧྲིལ་གྱིས་ཕྱོགས་གཅིག་ཏུ་བསྡོམས་ན་་་་་་སྨོན་འདུན་དང་རེ་བ་་་་་་་སྣོན་མ་ཞིག་མ་གཏོགས་ང་ཚོར་གཞན་གྱི་ཐབས་ལམ་དང་ནུས་ཤུགས་ཅི་ཞིག་ད་དུང་ལྷག་ཡོད་དམ།
      ནང་གི་གཞི་རྩའི་བསམ་བློ་དང་ཀུན་སྤྱོད་ཕྱིའི་བྱ་དངོས་དང་འཚོལ་སྙེག་སོགས་གང་ཅིར་དངོས་ཡོད་དོན་མཐུན་གྱི་རྩོལ་སྒྲུབ་ཅིག་དང་དེ་བས་ནན་ཏན་བསམ་གཞིགས་ཀྱིས་ཡང་དག་པའི་ཚད་གཞིར་གཏན་ནས་སླེབས་མ་མྱོང་བར་བཤད་ཆོག་པའི་ཤིན་ཏུ་སྟབས་བདེ་བའི་མི་རིགས་འདི་དང་འདིའི་ཐུན་མོང་སྤྱི་ཚོགས་ཀྱི་འཚོ་བའི་ཡོང་ཁུངས་ཀྱང་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ཧྲིལ་པོར་སྔར་ལམ་སོར་གནས་ཀྱི་ངལ་རྩོལ་ནུས་ཤུགས་ཁོ་ནས་བསྐྱེད་པའི་རྔུལ་ཆུའི་ཐིགས་པ་གྲངས་མེད་ཅིག་ས་ཐོག་ཏུ་འཐོར་ཞིང་། ལྗིད་ཏིག་ཏིག་གི་རྐང་རྗེས་གྲངས་མེད་ཅིག་དང་ལྷན་ཅིག་ཏུ་དེ་བས་གྲངས་ཀྱིས་མི་ལོངས་པའི་འབད་རྩོལ་གྱི་ལག་རྗེས་སོགས་ཤིན་ཏུ་ངལ་དུབ་དཀའ་ཚེགས་རིམ་སོང་གིས་ལྷད་མེད་དུ་བསྐྱེད་པའི་གཟུར་གནས་ཀྱི་དཔང་པོ་འདི་དག་དང་ཕྱོགས་གཅིག་ཏུ་དུས་བཞི་ཁ་དོག་མི་འདྲ་བའི་འཛམ་གླིང་ཡང་རྩེའི་ས་སྒང་གྲང་ངར་ཤས་ཆེ་འདིའི་སྟེང་དུ་ཞིང་འབྲོག་གཉིས་ཀྱི་འཚོ་ཐབས་འདི་ཁོ་ནས་མི་ལོ་སྟོང་ཕྲག་ལྷག་གི་འཚོ་གནས་ཀྱིས་རིགས་རྒྱུད་སྤེལ་ཅིང་། ཤིན་ཏུ་ལུས་ངལ་སེམས་འཚབ་དང་བཅས་པའི་མིག་ཟུང་གཉིས་ཀྱང་མི་ཚེ་གང་པོར་ཁ་ཆར་དང་སད་སེར་གྱིས་མཚོན་པའི་ནམ་མཁའི་རྣམ་འགྱུར་དང་རང་བྱུང་འབྱུང་ཁམས་སོགས་ཀྱིས་བཀོད་སྒྲིག་ཁོ་ན་ལ་བློ་རྩེ་གཅིག་བསྒྲིམས་ཀྱིས་བལྟ་རྒྱུ་ཞིག་ལས། དེ་མིན་གྱི་ཐབས་ཤེས་བཟང་ས་ཞིག་དང་དེ་བས་འོས་ཤིང་འཚམས་པའི་བློ་རིག་གིས་ཐག་གཅོད་གཞན་ཞིག་གི་ལམ་ཁ་ནི་གཏན་ནས་ཡོད་མ་མྱོང་བ་རེད།  བྱ་ལུགས་བྱེད་ལུགས་དང་ལྟ་ལུགས་མཐོང་ལུགས་འདི་གའི་སྟེང་ནས་བཤད་ན་མཐར་གཏུགས་ཀྱི་ཡོད་ཚད་ཐམས་ཅད་ནི་གཞན་དབང་སྟབས་བསྟུན་གྱི་ཐག་གཅོད་ཙམ་དང་། དབང་མེད་གཞན་གྱི་ངོ་སོ་ཙམ། ད་དུང་ཡོངས་གྲགས་ཀྱིས་བཤད་སྟངས་ལྟར་ན་རླུང་རྟའི་ཁ་ཕྱོགས་ཙམ་ལས་རང་ཉིད་ཀྱིས་ཚོད་འཛིན་སྟོབས་ཤུགས་ལས་བྱུང་བའི་རྩོལ་སྒྲུབ་ཀྱིས་ཐག་གཅོད་ཐུབ་པའི་འདམ་ག་གཉིས་པ་ཞིག་ནི་ནམ་ཡང་ཡོད་མ་མྱོང་བ་རེད། མདོར་ན་ཡོད་ཚད་ཀྱི་ཡོད་ཚད་གཙོ་བོ་སྔོན་ལས་ཀྱིས་གཏན་འཁེལ་བའི་བཀོད་སྒྲིག་ཅིག་དང་ཐག་གཅོད་གཙང་མ་ཞིག་ལས་འགྲོ་ཁུངས་གཞན་དུ་ནམ་ཡང་རྙེད་པར་མི་འདོད་པའི་གྲུབ་མཐའ་བཙན་པོའི་དབང་བསྒྱུར་གྱིས་འདུ་ཤེས་འདི་ཤིན་ཏུ་ཟབ་པས། རྒྱལ་སྐྱོང་ཆོས་སྲིད་ཀྱི་ཁ་ཕྱོགས་དང་དེ་ལས་བསྐྱེད་པའི་སྤྱི་ཚོགས་དང་སྡེ་ཁག་ཡོད་ཚད་ཀྱི་རྒྱུ་རྐྱེན་འབྲས་བུ་དང་བཅས་པའི་བཟང་ངན་བདེ་སྡུག་ལ་སོགས་པ་ཐམས་ཅད་འབྱུང་གཞི་ཐུན་མོང་དང་སོ་སོ་གང་ཞིག་གིས་སྔར་བསགས་ལས་ཀྱི་འཕངས་འབྲས་ཤིག་ཏུ་བཅོས་མེད་གཡོ་མེད་ཅིག་ཏུ་གྲུབ་པ་ལས་རྒྱུ་རྐྱེན་འདུ་འཕྲོད་ཀྱིས་སྐབས་འཕྲལ་གཡོ་ཞིང་ཁ་སྒྱུར་བྱེད་པའི་གནས་ལུགས་འདི་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་མི་ཤེས་པའི་གནད་འགག་ཅིག་དང་། ཡང་ན་ནམ་ཡང་ཤེས་འདོད་མེད་པའི་མིའི་རིགས་ཀྱི་དད་སེམས་སུ་གྱུར་བའི་ཡིད་ཆེས་ཞེས་པའི་གནད་དོན་འདིའི་ལྟ་ཚུལ་ཞིག་ཀྱང་ཡིན་སྲིད་པ་རེད།
      གང་ལྟར་དོན་དངོས་འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་དང་འབྲེལ་བའི་འཚོ་བ་དངོས་ཀྱི་ཁ་ཕྱོགས་དང་རིང་དུ་ཁ་བྲལ་རྒྱབ་འགལ་དུ་སོང་བའི་ཤིན་ཏུ་ཡ་མཚན་ཅན་གྱི་གདོད་མའི་རིགས་རྒྱུན་འཁྲུལ་མེད་ཀྱིས་མི་རིགས་འདིས་ཆུང་གོམ་པ་འཁྱར་འཁྱོར་གྱི་དུས་ནས་ལྷ་ཀླུ་འདྲེ་གསུམ་གྱི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་དང་། དེ་ལས་འཕྲོས་པའི་ཕན་གནོད་སྟོབས་ཤུགས་སོགས་རྙོག་འཛིངས་ཅན་གྱི་ལྟ་ཚུལ་དང་ལམ་ལུགས་མང་དག་ཅིག་རང་དང་རང་ཉིད་ཐེ་བའི་མིའི་རིགས་ཀྱི་འཚོ་བ་དངོས་ཀྱི་དགོས་མཁོ་དང་དེ་ཙམ་འབྲེལ་ཆགས་མེད་བཞིན་དུ་ཨུ་ཚུགས་དང་ལམ་སྲོལ་གྱི་སྟེང་དུ་དེ་དང་དེ་དག་གི་བྱུང་རབས་ཞིབ་ཕྲ་དང་བཅས་པ་ཉིན་མོ་ལས་ཀའི་བར་གསེང་དང་དགོང་མོ་ཉལ་མགོ་སྔས་ཐོག་ཏུ་སླེབས་པའི་དུས་ཚོད་ཀྱི་ཁོམ་པའི་གནས་སྐབས་ཐམས་ཅད་དུ་གཅིག་རྗེས་གཉིས་སུ་མཐུད་དེ་རྒྱུན་མི་ཆད་པར་ཤོད་ཅིང་། འདི་འདྲའི་ཁོར་ཡུག་ཅིག་དང་འདི་འདྲའི་རྒྱུ་རྐྱེན་ཞིག་གིས་བག་ཆགས་མཐུག་པོས་རྣམ་པ་ཀུན་ནས་དང་ཕྱོགས་མཚམས་ཐམས་ཅད་ནས་གནོན་ཤུགས་ཀྱིས་རིམ་པ་ཆེས་ལྕི་བས་ཡང་དང་ཡང་དུ་རྒྱུན་ཆགས་པར་གནས་པས་ད་གཟོད་བདེན་དོན་དཔྱོད་ལུགས་བརྟག་ཞིབ་རིགས་པ་ལྐོག་གྱུར་གྱི་གནས་དང་མཐོང་བ་གསལ་རྗེན་མངོན་སུམ་གྱི་འཛིན་ཚུལ་ལས་ཤོར་བའི་དད་པ་དང་དག་སྣང་འབྱམས་ཀླས་མཐའ་ཡས་མུ་མེད་པའི་ཚུལ་དེ་ཡང་འདི་ནས་བཟུང་རས་ལ་སྣུམ་ཞུགས་པ་ལྟར་བློ་རིག་རྣམ་པར་བཀྲ་བའི་རིགས་ཀྱི་བུ་རྒྱུད་ཚ་བོ་དང་ཚ་མོ་སོགས་ཀྱི་རྣ་བ་ནས་རིམ་གྱིས་ཞུགས་ཏེ་ཟབ་སའི་སེམས་རྒྱུད་དུ་ཡང་དག་པར་བསྒོས་ཤིང་དྭངས་མའི་ཁྲག་དང་སྙི་བའི་རུས་རྐང་དུ་ནན་གྱིས་འཐིམས་པས་དེའི་མཇུག་འབྲས་ནི་དོན་དངོས་མི་ཞིག་གིས་ཚད་ནས་བཟུང་བའི་ལུགས་མཐུན་དགོས་མཁོའི་འཚོ་བ་དངོས་ཁས་བླངས་སྣང་འཇོག་གིས་ལག་ལེན་རྩོལ་སྒྲུབ་ཅིག་འགན་འཁུར་དོ་གལ་དུ་མི་བྱེད་པར་སྟོང་བསམ་དྲན་འཆར་གྱི་རྨི་ལམ་མཐུག་པོའི་ཞིང་དུ་འཇའ་གཟུགས་བཟུང་ཞིང་རྣམ་བཀྲའི་གོས་སུ་རེ་འདོད་སྒྲུབ་པའི་སྟོང་བསམ་པའི་དབུལ་པོ་རྨོངས་དད་པའི་མི་རིགས་ཤིག་ཏུ་འདི་ལྟར་ཡོ་ཡོ་འཁྱོག་འཁྱོག་མེད་པར་མི་རབས་ནས་མི་རབས་བར་དང་སྐྱེ་བརྒྱུད་ནས་སྐྱེ་བརྒྱུད་ཐམས་ཅད་དུ་རྒྱུན་མཐུད་དེ་གསོ་སྐྱོང་བྱས་པ་ཙམ་རེད།
      གཞི་རྩའི་གོམས་གཤིས་སམ་ལམ་དང་ལུགས་སྲོལ་གྱི་འགྲོ་སྟངས་འདི་གའི་ཐོག་ནས་འགོ་བཙུགས་ཏེ་རྒྱལ་དོན་ཆབ་སྲིད་སྐྱོང་ཐབས་སྤྱི་དང་། ཆེ་རྒུ་གནད་ཡོད་ཀྱི་འགན་བབ་བྱ་གཞག་སོགས་ལ་དངོས་ཡོད་ལག་ལེན་གྱིས་དུས་བསྟུན་འཕེལ་ཕྱོགས་དང་ཁྲིམས་སྒྲིག  གཞི་རྩའི་བརྟན་རླིང་དང་རྩ་དོན། སྤྱི་འབངས་ཀྱི་རང་དབང་དང་དགོས་འདུན་སོགས་འཛིན་སྐྱོང་ལམ་ལུགས་ཀྱི་གལ་གནད་དུ་གྱུར་བའི་སྟངས་འཛིན་བྱ་ཕྱོགས་ཁག་གི་འཕོ་འགྱུར་གྱི་སོ་མཚམས་གནད་འགག་ཅིག་ཏུ་འདི་ལྟར་སླེབས་སྐབས་དོན་དངོས་འདི་དང་འདི་ལ་འགན་འཁུར་བསམ་གཞིགས་ཀྱི་བློས་རྒྱུ་རྐྱེན་ར་འཕྲོད་དང་བཅས་པ་འདི་དང་འདི་ཞེས་གཅིག་ཏུ་དོན་དངོས་དང་མཐུན་ཞིང་། གཉིས་སུ་ཐད་ཀར་འགན་འཁྲིའི་བསམ་པ་བླངས་པའི་དོན་འགྱུར་འབྲེལ་ཡོད་ཀྱི་ཕན་ནུས་ཡོད་པའི་རྣག་ཐོག་གཙགས་འཁེལ་ལྟ་བུའི་ལུགས་མཐུན་བབ་འོས་ཐག་གཅོད་ཀྱི་ལམ་ཁ་ཞིག་འཚོལ་སྒྲུབ་ཀྱིས་འབད་རྩོལ་གཏན་ནས་མི་བྱེད་པར། འབྲེལ་ཡོད་ཕོགས་གཟན་པ་ཡོད་ཚད་ཕྱོགས་གཅིག་ཏུ་བསྡོམས་ཏེ་བྱ་བ་ཚུལ་མིན་པའི་ཁྲལ་མངོན་སླ་བཅོས་ཀྱིས་གཡོ་ཐབས་ཏེ་ནམ་ཡང་ལྷ་འདྲེ་གང་ཞིག་གིས་འཁྱར་འཁྱོར་གྱི་གཟུགས་བརྙན་ཞིག་དང་ད་མ་དིག་གི་སྐད་ཆ་དམ་དུམ་འགའ་རྡོ་ཆག་བཙན་གྱིས་བསྒྲིགས་ཏེ་བསླུ་མེད་ལུང་བསྟན་དུ་བསྙད་དེ་ཟང་ཟིང་ལང་ལོང་དང་འར་སྒྲ་འུར་སྒྲའི་བན་བོན་གྱི་གཏོ་བཅོས་འགའི་ཁྲོད་དུ་འདི་ལྟར་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རླབས་ཆེ་བའི་བྱ་གཞག་དང་འགངས་ཆེ་བའི་དོན་ཆེན་ཡོད་ཚད་ཕམ་ཉེས་ཤིག་དང་ལྷན་ཅིག་ཏུ་འཇའ་ལྟར་ཡལ་འགྲོ་བ་རེད།
        དེ་ལྟར་ལུགས་མཐུན་དཔྱོད་ཤེས་ཀྱི་བློ་མིག་རབ་ཏུ་ལྡོང་ཞིང་དོན་ཕན་བསམ་གཞིགས་ཀྱིས་གོ་སྐབས་དང་ནུས་ཤུགས་འདོན་སྤེལ་གྱི་གཞི་རྩའི་ལྷག་བསམ་ནི་དེ་བས་ཡོད་མ་མྱོང་བའི་བག་ཆགས་སྲ་འཐས་ཀྱིས་གཏན་འཇགས་བརྒྱུད་རིམ་དང་སྤྱོད་ཚུལ་གྱི་ལམ་ལུགས་སོར་གནས་འདི་འདྲའི་འོག་རྒྱལ་སྐྱོང་ཁྲིམས་ལུགས་ཀྱི་གཞི་རྩ་ཡང་རྩ་བ་ནི་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་འཕྲིན་ལས། ལྷ་དང་ལྷ་མོའི་མགོན་སྐྱབས་དང་ལུང་བསྟན། འདྲེ་དང་སྲུང་མའི་ཁ་འཛིན་དང་རྒྱབ་རྟེན་འོག་ལྷ་ཁྲིམས་མི་ཁྲིམས་བསྲེས་ཤིང་ཆོས་དང་འཇིག་རྟེན་བསྡོམས་པའི་ཁྲིམས་གཞི་སྟེ་བཀག་རྒྱ་བག་ཁུམ་ཅན་གྱི་གུ་དོག་མགོ་རྙོག་གི་དྲ་བ་ལྟ་བུ་ཞིག་ལས་མི་གཤིས་དུས་རབས་ཀྱི་དགོས་མཁོ་དང་འཚམས་ཤིང་རྒྱ་ཆེ་དཀྱེལ་ཡངས་ཀྱི་རྒྱལ་ཁབ་ཅིག་རང་ཚུགས་ཐུབ་ཐབས་ཀྱི་ཕྱོགས་ཡོངས་ཀྱི་མཁོ་སྒྲུབ་ཐབས་ཇུས་ཤིག་དང་། མིའི་རིགས་ཀྱི་དངོས་ཡོད་འདོད་འདུན་བསྐོང་ཐབས་ཀྱི་ལམ་ཕྱོགས་སུ་འཁྲིད་སྟོན་ཐུབ་པའི་ནུས་པ་དང་འགན་ལེན་ནི་དེ་ཙམ་མེད་པ་ཞིག་རེད། དེ་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་འཛིན་སྐྱོང་དར་སྤེལ་བྱེད་པའི་དངོས་ཡོད་ཁ་ཕྱོགས་དང་གཏན་ནས་མི་འཚམས་པར་མ་ཟད་མཐར་གཏུགས་ནས་བཤད་ན། བོད་རྒྱལ་ཁབ་ཀྱི་འདས་པ་དང་ད་ལྟར་གྱི་ལོ་རྒྱུས་གནས་སྟངས་གང་ཞིག་དང་། ལངས་ཕྱོགས་ཅི་ཞིག  མི་རིགས་འདི་དང་འདིའི་བདེ་སྡུག་འཚོ་གནས་སོགས་ཅི་དང་གང་ཡང་གསལ་སྟོན་དང་འདྲ་མཚུངས་དགོས་འབྲེལ་ཅི་ཡང་ཡོད་མི་དགོས་པར་འགྲིག་རྐྱང་ཡིན་རྐྱང་དུ་སྐད་གསང་མཐོན་པོའི་དབྱངས་རྟའི་འགྱུར་ཁུག་གི་རྟ་ཕོར་བཅིབས་པའི་རྨི་ལམ་འཚོལ་མཁན་གྱི་བོད་མིའི་མགྲིན་ཚབ་པ་སྟེ་ད་ལྟའི་བོད་ཀྱི་རྒྱལ་གླུ་ལྟ་བུ་ཞིག་རེད།
      མིག་མདུན་དུ་ལྷགས་པའི་དངོས་ཡོད་འཚོ་གནས་ཀྱི་གཞི་རྩའི་ལམ་ཕྱོགས་གནས་དོན་དང་དུས་བབ་འཕོ་འགྱུར་གྱི་འགན་འཁྲི་སོགས་ཕྱོགས་གང་ཞིག་དང་གཏན་ནས་མི་འཚམས་ཤིང་དེ་བས་མི་རིགས་འདི་དང་འདིའི་དྲང་ཚུགས་སུ་ངོས་འཛིན་བྱེད་པའི་སྤྱོད་ལམ་དང་རྒྱང་ཐག་ཤིན་ཏུ་རིང་བའི་རྒྱལ་ཁྲིམས་དང་ལམ་ལུགས་འདི་ལྟ་བུའི་ཁ་འོག་ཏུ་སྔ་བསམ་ཕྱི་འདང་གིས་ཕྱོགས་དུས་གནས་སྐབས་ཀྱི་དགོས་མཁོའི་ཆ་རྐྱེན་དུ་གྱུར་བའི་བསམ་གཞིགས་དང་ལག་ལེན་དངོས་ཀྱི་རྩོལ་སྒྲུབ་རིགས་ཀྱི་འབད་རྩོལ་བསྟེན་མི་དགོས་པར་ཟ་ཟིར་འཁྱར་འཁྱོར་གྱི་རོ་ལངས་ལྟ་བུའི་སྤྱོད་ལམ་དང་། ཆོག་ཤེས་སེམས་ཀྱིས་ཁྲིམས་རྒྱར་ཚུད་པའི་ཉམ་ཆུང་མི་དམངས་གླེན་ལྐུགས་དེ་དག་ནི་ཕ་ཚ་བུ་རྒྱུད་ཐམས་ཅད་དང་མི་རབས་སྐྱེ་བརྒྱུད་ཡོད་ཚད་ཐམས་ཅད་དུ་རང་ལུས་ཚུན་ཆད་རང་དབང་དུ་མི་སྟེར་བའི་ཆབ་འབངས་དང་ལྷ་འབངས། ཆོས་གཞིས་དང་སྒེར་གཞིས། སྐུ་ངོ་མི་དྲག་འདི་དང་འདི་ཞེས་བྱ་བའི་ཐོབ་ཁུངས་སམ་མི་སེར་ཁྲལ་པ་ཞེས་དོན་དུ་ཐོབ་དང་གོ་སའི་བདག་པོ་མིང་དང་དབང་ཆས་དྲེགས་པའི་བཀས་བཀོད་རྒྱུད་འཛིན་གྱི་རིང་ལུགས་འཛིན་པའི་སྡེ་དགོན་མི་དྲག་ཚོའི་དབང་སྒྱུར་ཁོ་ནའི་འོག་ཏུ་ཚེ་ཚེ་རབས་རབས་ཀྱི་བྲན་གཡོག་རྣལ་མ་ཞིག་ཏུ་ལས་མ་བཟང་བར་ཤར་རྒྱག་ཏུ་འོངས་པ་རེད།  གང་ཞིག་ཁེ་དབང་དང་གང་ཞིག་རང་དབང་གི་སྒྲ་དོན་ཙམ་ཡང་དཔྱོད་ཤེས་དོན་སྙིང་གི་ཡུལ་དུ་མེད་པའི་བོང་བུ་ལམ་འཇུག་གི་ལུགས་རྙིང་རྒྱུན་འབྱམས་བཅོས་བསྒྱུར་མི་ཐུབ་པ་སྲ་འཐས་འདི་གའི་འོག་ལམ་དང་ལུགས་སྲོལ། འཚོ་ཐབས་དང་དམིགས་ཡུལ། རྒྱལ་ཐབས་དང་ཁྲིམས་ལུགས་སོགས་ཆེ་རྒུ་ལས་ཀྱི་བྱ་འགུལ་ཡོད་དོ་ཅོག་འདོད་པ་མིར་སྐྱེས་པའི་དངོས་ཡོད་དགོས་མཁོ་དང་གཏན་ནས་མི་འཚམས་ཤིང་དེ་བས་ཤིན་ཏུ་བཙན་དྲགས་པའི་ལྷར་བཅས་དང་བཀས་བཅས་ཀྱིས་རྒྱས་བཏབ་ལམ་ལུགས་ཤ་སྟག་ཡིན་ན་རྒྱལ་ཁབ་གཞི་བརྟན་དང་མངའ་འབངས་བདེ་ཐབས་ཟེར་བ་ཞིག་ནམ་ཡང་ཡོང་ལུགས་མེད་པ་ནི་རྒྱུ་ཡིས་དབྱེ་བས་འབྲས་བུའི་གནས་བབ་གཏན་འཁེལ་བྱས་པའི་ཆོས་ཉིད་ཡུལ་གྱི་དངོས་ཡོད་གནས་སྟངས་ཤིག་དང་། དེ་བས་མཁས་བླུན་གཉིས་དང་མངོན་ལྐོག་གཉིས་སུ་གྲགས་ཤིང་གྲུབ་པའི་འཛིན་པ་ཡུལ་ཅན་གྱི་གྲུབ་དོན་ཞིག་ཏུ་ནམ་ཡང་བདེན་པའི་ལམ་ནས་བཤད་རྐྱང་བྱས་ཆོག་པ་རེད།
      མི་མངོན་པའི་ལྷ་དང་ལྷ་མོར་དགའ་ཞིང་དད་པ་དང་དག་སྣང་ལ་ཤིན་ཏུ་དུངས་པའི་མི་རིགས་འདིས་སྙན་ངག་གླུ་རུ་བླངས་ཤིང་རྐང་རྗེན་བྲོ་ལ་བཅོལ་བའི་ལམ་ནས་འཁྱགས་ལྟོགས་བཀྲེས་སྐོམ་གྱི་དབུལ་ཞིང་ཕོངས་པའི་ལོ་ཟླ་རིང་མོ་ཁྱད་དུ་བསད་པའི་ལོ་རྒྱུས་ཀྱི་བམ་པོ་པོ་ཏིའི་ཁྲོད་དུ། མཉམ་འཇོག་དང་སྔོན་གནས་ཕྱིར་དྲན་གྱིས་སློབ་གསོའི་ཉམས་མྱོང་ཚད་གྲུབ་ཀྱིས་རྗེས་ཤུལ་བཟོ་ལྟ་ཙམ་ཡང་མེད་པར་ད་དུང་བུ་རབས་རྗེས་འཛིན་པ་དག་ལ་མེས་པོ་ག་གེ་མོས་གསུམ་གཉིས་ས་ལ་དབང་བསྒྱུར་བྱས་རབས་དང་། མཐོན་པོ་ནམ་མཁར་གཤེགས་རབས། སངས་རྒྱས་དང་བྱང་སེམས་ཀྱི་སྤྲུལ་པ། ལྷ་དང་ལྷ་མོའི་རིགས་རྒྱུད། མེ་ཏོག་གི་ཆར་པ་དང་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་ཚུལ། ས་གཡོ་བ་དང་འབྲུག་སྒྲ་སྒྲོག་པ་སོགས་བསམ་གྱིས་མི་ཁྱབ་པའི་ངོ་མཚར་གྱི་ལྟས་བཟང་པོ་སྣ་ཚོགས་པ་ཞིག་དང་། མདོར་ན་དེ་དང་དེ་ལ་བརྟེན་པའི་གཟི་བྱིན་དང་དཔའ་སྟོབས་སྙན་གྲགས་ཀྱིས་སྟོང་གསུམ་འཇིག་རྟེན་ཀུན་ཏུ་ཁྱབ་པ་སོགས་ཡ་མཚན་རབ་བཏགས་ཀྱི་ལྷ་སྒྲུང་འདྲེས་མའི་བློས་བསླངས་ཕུན་སུམ་ཚོགས་པའི་རྒྱ་ཆེའི་ལྟ་ཚུལ་དག་ལས་འོངས་པའི་གཏམ་རྒྱུད་དེ་དང་དེ་དག་ད་དུང་ཡང་རྒྱུན་མཐུད་དེ་ཨུ་ཚུགས་ཀྱིས་བར་མ་ཆད་པར་འདི་ལྟར་འཆད་ཀྱིན་འདུག་ལ། ཕ་མེས་ཡང་མེས་ཚོས་དབུས་ལྷ་སའི་ཇོ་བོ་མཇལ་ལུགས་དང་། གངས་ཏི་སི་ངོ་མཚར་དང་བྱིན་རླབས་ཆེ་ཚུལ། གནས་རྩ་རི་མཐོ་རབས་དང་ལམ་བགྲོད་པ་དཀའ་ཚུལ་སོགས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་ཆུ་ལྟར་བཞུར་བཞུར་དུ་ཡང་ཡང་གླེང་གིན་འདུག་མོད། དེ་དང་དེ་དག་ནི་ང་ཚོ་མིའི་རིགས་ཀྱི་དངོས་ཡོད་ཁྱབ་ཁོངས་ཀྱི་འཚོ་གནས་འཇིག་རྟེན་མངོན་སུམ་པ་འདི་དང་ཆེས་རྒྱང་ཐག་ཤིན་ཏུ་རིང་བའི་མི་མངོན་པའི་དབྱིངས་སུ་ཕུགས་བསམ་ཀྱི་འཚོ་བ་བསྐྲུན་སའི་མཐའ་ཡས་མུ་མེད་པའི་ཞིང་ཁམས་ཤིག་ཏུ་བསམ་པའི་སྟོབས་ཤུགས་སུ་གྱུར་བའི་རླབས་པོ་ཆེའི་བྱ་གཞག་ཅིག་དང་བླ་ན་མེད་པའི་འགན་འཁྲི་ཞིག་ཡིན་ཆོག་ཀྱང་དོན་ངོ་མར་ངོ་གདོང་ལ་ཆུ་བྱུགས་མི་ཤེས་ལ། ན་ཚ་ལ་སྨན་བཟའ་མི་ཤེས་ཤིང་། ཡ་ཐོད་ཉི་ལྷགས་ཀྱིས་གཙེས་ཤིང་། མཆུ་དང་མཛུབ་རྩེ་ཐམས་ཅད་སེར་གས་ཁྱབ་པའི་དོན་དངོས་འདི་ནི་མི་རིགས་འདི་དང་འདིའི་འདས་ཟིན་པའི་དངོས་བྱུང་དྲང་བཞག་གི་ཡུན་རིང་ལོ་རྒྱུས་ཤིག་དང་། ད་ལྟའི་དངོས་ཡོད་མིག་མདུན་གྱི་འཚོ་བ་ཡང་རེད་ལ། དེ་བས་མི་རིགས་འདི་དང་འདིའི་འབྱུང་འགྱུར་གྱི་ཁ་ཕྱོགས་མཚོན་པའི་རྨང་གཞི་ཞིག་ཀྱང་ཡིན་ཆོག་པ་རེད།
      གང་ལྟར་ཀྱང་ཡི་གེ་འབྲུ་དྲུག་མའི་གཟུངས་སྔགས་སྙིང་པོ་ངག་ནས་ཆད་མེད་དུ་འཁྲོལ་ཞིང་སྙིང་རྗེའི་ལྷ་མཆོག་མགོན་སྐྱབས་ཀྱི་སྐལ་བར་ཐོབ་པས་དགའ་དད་སེམས་པ་མི་གཡོ་ཤིན་ཏུ་གཏན་ཆགས་སུ་གྱུར་བའི་ཁ་བ་གངས་ཅན་པའི་རི་ཚོགས་འདི་དག་གི་ཁྲོད་དུ་གདོང་པ་དམར་ལྷང་ངེར་ཤ་ཁྲག་དང་རྩམ་པ་ཟོས་པའི་སྟོབས་ཤུགས་ཀྱིས་འགུལ་བའི་ང་དང་ང་ཚོའི་མི་རབས་སྐྱེ་རྒྱུད་ཡོད་ཚད་ཀྱིས་ལུས་ངག་ཡིད་གསུམ་དང་ཕྱོགས་མཚམས་སྒོ་ཀུན་ནས་རྣམ་པ་ཐམས་ཅད་དུ་འདི་ལྟར་ལྷག་བསམ་རྣམ་དག་གིས་དམའ་མི་འདོད་པའི་མཐོན་པོའི་གཏམ་རྒྱུད་དང་། ཆུང་མི་ཉན་པའི་རླབས་པོ་ཆེའི་སེམས་བསྐྱེད། ཉུང་མི་ཆོག་པའི་འདི་ཕྱིའི་དོན་ཆེན་སོགས་བསམ་འདུན་ཤིན་ཏུ་ཕུན་སུམ་ཚོགས་ཤིང་རྒྱ་ཆེ་གཏིང་ཟབ་པའི་བསམ་གཞིགས་ཁོ་ནས་ཡོད་ཚད་བཀྲ་ཤིས་ཤིང་དགེ་བའི་ལུགས་སུ་བགེགས་མེད་ལམ་ལྷོང་དང་ཡིད་ཆེས་སྨོན་འདུན་གྱིས་རེ་བའི་མིག་ཟུང་དུས་གཏན་དུ་འདི་ལྟར་བལྟས་མོད། འོན་ཀྱང་གསོན་གནས་མི་ཡུལ་འདི་འམ་ད་ལྟ་རང་ལ་དབང་བའི་འཇིག་རྟེན་འདིར་དངོས་ཡོད་ལོངས་སུ་སྤྱོད་བཞིན་པ་ནི་སྐྱོ་ངལ་ཆགས་སྡང་གི་འཚོ་བ་རྙོག་འཛིངས་ཅན་ཞེ་ཅིག་དང་། སེམས་བསམ་པའི་རེ་བཞག་འདུ་ཤེས་ཀྱི་ཁ་ཕྱོགས་ནི་དུས་ད་ལྟའང་དངོས་ཡོད་ཀྱི་འཚོ་བ་དང་རྦད་དེ་ཐ་དད་མཚུངས་མེད་ཅིག་དང་དེ་བས་སྐྱེ་བ་ཕྱི་མ་ཟེར་རམ་འབྱུང་འགྱུར་སང་ཉིན་ཕན་ཆོད་ནི་དེ་བས་འགན་ལེན་ཐག་གཅོད་མི་ཐུབ་པའི་གནས་སྟངས་མངོན་གསལ་ཅན་ཞིག་རེད།
      ང་ཚོའི་མི་རབས་ཡོད་ཚད་ཀྱིས་ཐུན་མོང་དུ་རྒྱུན་མི་ཆད་པར་ལོ་རྒྱུས་ཡུན་རིང་དུ་དངོས་ཡོད་མྱོང་རོལ་བྱེད་པའི་འཚོ་བ་དངོས་ཀྱི་ཁ་སྟབས་དང་།  རང་རང་སོ་སོའི་མི་ལུས་ཐེངས་གཅིག་བླངས་པའི་ཐུང་མཐའ་མི་ཚེ་གཅིག་གི་འཚོ་བའི་བརྒྱུད་རིམ་ངོས་ནས་གཏན་འཁེལ་བས་བཤད་ན་དུས་བཞིར་བརྗེ་ལེན་མེད་པའི་རས་སྐྱ་སློག་སྐྱ་དང་བལ་རྩིད་ཧྲུལ་པོ་གོས་སུ་བསྟེན་ཅིང་། སེམས་ཅན་གྱི་ཤ་ཁྲག་དང་འབྲུ་སྣ་ཉུང་ཤས་ཟས་སུ་སྤྱོད་ལ། སོ་ནམ་པའི་བུད་མེད་རྣམས་ཀྱིས་ཁྱིམ་ཚང་ཕྱོགས་ཡོངས་ཀྱི་འཚོ་ཚིས་ཐད་ཞིབ་ཕྲའི་དོ་དམ་སྟངས་འཛིན་དང་བུ་ཕྲུག་གཉོར་སྐྱོང་གིས་མཚོན་པའི་ཁྱིམ་འཛིན་འགན་འཁུར་རྐང་ལེན་ཐོག་རང་ཁྱིམ་གྱི་ཐབ་ཁ་དང་སྒོ་རྭའི་རྒྱ་ཁྱོན་ཙམ། སྐྱེས་པ་རྣམས་ཀྱིས་སྤྱི་ཚོགས་དང་རང་ཁྱིམ་ཟུང་འབྲེལ་གྱི་ལས་དོན་གལ་ཆེའི་རིགས་ཐག་གཅོད་འགན་འཁུར་ཐོག་དཔྱིད་འདེབས་དང་སྟོན་བསྡུ་སྒོ་ཕྱུགས་འཚོ་སྐྱོང་དང་བུད་ཤིང་གཅོད་བྲེག་སོགས་ཕྱིར་བསྐྱོད་ལས་འཁུར་རྐང་འཛིན་ཐོག་རང་སྡེ་ནས་རྐང་པས་བགྲོད་པའི་ཉིན་ལམ་ཙམ་དང་། དེ་བས་སྒོ་ཕྱུགས་དང་ས་ཞིང་ཉེ་རིང་དེ་གའི་ཚོད་དུ་རྐང་རྗེས་ཐོག་རྡོག་རྗེས་ཕབ་ཅིང་། འབྲོག་ཕྱོགས་ཀྱི་བུད་མེད་རྣམས་ཀྱང་རང་ཁྱིམ་གྱི་ལས་དོན་ཙག་ཙིག་ཡོངས་རྫོགས་ཚུད་པའི་ཁྱིམ་འཛིན་དོ་དམ་དང་བུ་རྒྱུད་གཉོར་སྐྱོང་དགོས་པ་སྨོས་མེད་ཁར་མགོ་ཐོག་སྦྲ་ནག་གི་ཀ་བའི་ཚོད་དང་ལྷས་ར་འབྲི་མོའི་འཇོ་རྒྱུན་བསྲིངས་ཤིང་། སྐྱེས་པ་རྣམས་ཀྱི་ལ་ཀླུང་རྐང་འོག་ཏུ་བཅུག་སྟེ་ནོར་གནག་གི་རྫི་བོ་དང་གཡག་རྒོད་སྣ་ལོར་བཏུལ་ཏེ་བཀོལ་སྤྱོད་དང་སྤྱི་སྒེར་གང་ཞིག་གི་ལས་དོན་གལ་ཆེའི་རིགས་འགན་འཁུར་སྨོས་མེད་ཐོག་དུས་བཞི་ཉིན་མཚན་དབྱེར་མེད་དུ་ཕྱུགས་རིགས་ཀྱི་གོད་ཁ་གནོད་འཚེ་མཐའ་དག་ལས་སྲུང་ཞིང་སྐྱོབ་པའི་དཀའ་ཚེགས་སོགས་མདོར་ན་ཡོད་ཚད་ཀྱིས་རང་རང་གི་ས་ནས་ཞིང་འབྲོག་ཐོན་སྐྱེད་གང་ཞིག་གཞི་རྟེན་དུ་བྱས་པའི་འཚོ་གནས་ཀྱི་ཐབས་ལམ་འདི་འདྲ་ཞིག་དང་ལྷན་ཅིག་ཏུ་མི་ཚེ་ཡང་ཕལ་ཆེར་ཉམ་ཐག་དབུལ་ཕོངས་ཀྱི་ཚོད་དུ་བུད་འགྲོ་བ་ཤ་སྟག་རེད།
      དུས་རབས་བདུན་པའི་དུས་མཇུག་ཙམ་ནས་རྒྱ་ཆེར་དར་ཁྱབ་བྱུང་ཞིང་མཐོ་སྒང་ཡུལ་འདིའི་མིའི་རིགས་ཀྱི་སྒལ་ཚིགས་ཐོགས་ཚད་ཀྱིས་དད་མོས་སུ་ཁས་བླངས་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ཉིད་འདས་ཟིན་པའི་མི་ལོ་ཆིག་སྟོང་ལྷག་གི་ལོ་ཟླའི་བཞུར་རྒྱུན་རིང་མོའི་ལོ་རྒྱུས་ཀྱི་གནས་བབ་ཁྲོད་གནས་དུས་གང་ཞིག་ནས་ཡོ་འཁྱོག་བར་གཅོད་དང་། ལམ་ལྷོང་ཤར་བགྲོད། འཛིན་སྐྱོང་ཅི་ཞིག་ནས་མཐུས་ཤོར་དང་ཡར་བསྐྱེད་སོགས་གང་ལྟར་འཕྲལ་རྐྱེན་སྣ་ཚོགས་པའི་དབང་གིས་དར་རྒུད་དང་འཕེལ་འགྲིབ་ཅི་རིགས་ཤིག་བྱུང་ཡོད་ནའང་གཙོ་གྱུར་མཁས་མཛངས་རྣམ་འབྱེད་ཀྱི་བློ་གྲོས་མཆོག་ཏུ་ཡངས་པའི་ངེས་དོན་སྐྱེས་མཆོག་དམ་པའི་རྣམ་ཐར་ཚུལ་བཞིན་དུ་སྐྱོང་བའི་རིས་མེད་མཁས་གྲུབ་མི་ཡི་སེངྒེ་རིམ་པས་འཛིན་སྐྱོང་ཡང་དག་པར་གནང་བའི་དྲིན་འདི་ཁོ་ནས་རང་ཅག་གི་ཕ་མེས་ཡང་མེས་བརྒྱུད་པ་འཁོར་དང་བཅས་པའི་རྩ་ལམ་གྱི་ཁྲག་དྲོན་དང་རུས་གསེང་གི་རྐང་མར་དུ་འཐིམ་པའི་བརྟག་ཐུབ་ཁྱད་འཕགས་ཀྱི་རིགས་རྩལ་གྲུབ་མཐའ་ཆོས་ལུགས་བརླིང་པོ་འདི་དང་འདིའི་ངོ་བོ་མ་བརླག་པ་ཙམ་དུ་མ་ཟད་ཚན་རྩལ་དང་ཕྱི་དངོས་པོའི་དགོས་མཁོ་ཤིན་ཏུ་ཁ་དར་དྲགས་པའི་ཟང་ཟིང་གི་དུས་རབས་དང་། ཤིན་ཏུ་འཚུབ་ཆ་ཅན་གྱི་རྣམ་གཡེང་དང་བག་མེད་རྒྱས་སྤྲོས་ཀྱི་དུས་མཐའ་འདི་སྣང་ཤས་ཆེའི་ཡོ་ལང་ཅན་འདི་འདྲ་ཞིག་གི་སྐབས་ཐོག་ཏུ་མཚོན་ནའང་དེ་བས་ཆོས་ལུགས་འདི་ཉིད་འཛིན་སྐྱོང་སྲ་བརྟན་དང་དར་རྒྱས་གོང་འཕེལ་གང་ཙམ་ཞིག་བྱུང་ཡོད་ཅེས་སྤོབས་པས་གཟེངས་སུ་བསྟོད་དེ་བཤད་ཆོག་ལ། ཡོངས་ཁྱབ་ཀྱི་རྒྱ་ཆེ་གཏིང་ཟབ་པའི་གནས་ཚད་འདི་ལྟ་བུ་ཞེས་ངེས་དོན་ཐག་གཅོད་ཅིག་གིས་ངོས་ནས་ཁས་ལེན་ཡོངས་སུ་ཐུབ་མིན་ཇི་ལྟར་དཀའ་ཡང་གང་ལྟར་མི་རིགས་འདི་དང་འདིའི་ཉིན་རེའི་དངོས་ཡོད་ལག་ལེན་གྱི་འཚོ་བའི་ཁྲོད་དུ་སྐྱིད་སྡུག་བཟང་ངན་མགོ་སྙོམས་ཐུབ་ཅིང་སེམས་རྒྱུད་ཞི་དུལ་བག་ཡོད་དང་བྱམས་བརྩེ་འཆམ་མཐུན་མཉམ་གནས་ཐོག་ཡ་རབས་བཟང་སྤྱོད་ཀྱི་རིན་ཐང་མངོན་ཞིང་། ཕན་ཚུན་མི་སླུ་བའི་ཡང་དག་པའི་རྟེན་འབྱུང་ལྟོས་གྲུབ་ཀྱི་ལྟ་བ་དང་ཕན་བདེ་ཞི་བ་འཚེ་བ་མེད་པའི་སྤྱོད་ལམ་ཟུང་འབྲེལ་རིང་ལུགས་ཀྱི་བླ་ན་མེད་པའི་ལམ་སྲོལ་བཟང་པོའི་འཇུག་ངོགས་འདིར་ངེས་ཤེས་ཡིད་ཆེས་ཀྱིས་ཞུགས་ཤིང་ཡང་དག་པར་གནས་པར་འགྱུར་བའི་དན་རྟགས་ཕྲན་བུ་ཙམ་ད་ལྟ་མཐོང་ཆོས་མིག་སྔར་ཡོད་བཞིན་པ་འདི་རེད།
      སྤྱིར་ཆོས་ལུགས་འདིས་གཞི་རྩའི་རྒྱ་ཁྱོན་གྱི་ཆ་ནས་རྒྱལ་ཁབ་ཧྲིལ་པོ་དང་མི་རིགས་ཡོངས་རྫོགས་དབང་བསྒྱུར་བྱས་ཡོད་ནའང་ཆོས་ལུགས་འདིའི་བསྟན་བྱའི་ནང་དོན་དག་རྣམ་པར་དཔྱོད་པས་དཔྱིས་ཕྱིན་པར་གོ་རྟོགས་བསམ་ཤེས་ཀྱིས་འཇུག་པ་བསྐྱེད་དེ་གནས་དུས་གང་ཞིག་ཏུ་ཇི་ལྟར་འཚམས་པ་དང་། སྐབས་ཐོག་གང་ཞིག་ཏུ་ཇི་ལྟར་འཇུག་པ་རན་པའི་དབྱེ་འབྱེད་ལུགས་ཀྱི་རྟོག་དཔྱོད་ནི་ཕལ་ཆེར་བྱེད་མི་སྲིད་པ་ལྟ་བུ་རེད། མ་ཟད་ཆོས་ལུགས་འདིས་འདི་ལྟར་ཁྱབ་བརྡལ་དུ་ཕྱིན་པའི་རྒྱ་ཁྱོན་གྱི་ཚད་གཞིའི་དབང་དུ་བྱས་ནའང་དེའི་ཚོད་ཀྱི་ཆོས་འདི་ནས་བཤད་པའི་ས་ལམ་གྱི་སྤང་རྟོགས་ཡོངས་སུ་རྫོགས་ཤིང་དོན་གཉིས་མཐར་ཕྱིན་པ་དང་། ཕྱོགས་ལྷུང་རང་དོན་དུ་ཞི་བ་ཕྱོགས་གཅིག་པའི་ཐར་པ་མྱང་འདས་ཐོབ་པ་ནི་ཆེས་དཀོན་པར་སྣང་ཞིང་། བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པར་མི་ཚེ་འཁོར་མོ་ཡུག་ཏུ་ཐོས་བསམ་སྒོམ་སྒྲུབ་ཀྱིས་ཆེད་དུ་བྱ་བར་ཞུགས་པའི་རྒྱ་ཆེ་བའི་ཚོགས་སུའང་ནང་དོན་གོ་རྟོགས་ཟབ་ལ་ཚད་གཞི་ངེས་ཅན་གྱི་རྟོགས་ལྡན་ནམ་ཚད་ཐུབ་ཀྱི་ཤེས་ཡོན་ཅན་རྣལ་མའི་རིགས་ཉུང་ཞིང་དོན་གཉེར་ཁས་བླངས་ཅན་གྱི་གྲངས་འབོར་ནི་ས་ཆའི་ཚོད་ཀྱི་རི་དྭགས་ལྟར་ཤིན་ཏུ་མང་། དེ་ལྟར་དད་མོས་ལྷག་བསམ་དང་། གོམས་སྲོལ་བརྟན་འཇགས། གནས་བབ་ཁོར་ཡུག་སོགས་ཀྱི་ཤུགས་རྐྱེན་རབ་དང་རིམ་པ་དེ་འདྲའི་དབང་གིས་མི་འབོར་གྱི་བཅུ་ཆ་གཉིས་ལྷག་ཙམ་ཞིག་ཁྱིམ་སྤངས་པའི་བཅས་ལྡན་ཁྲིམས་འཛིན་གྱི་རབ་བྱུང་སེར་མོ་བའི་རིགས་སུ་གཏོགས་ལ། དེ་དག་གྲངས་འབོར་གྱི་བརྒྱ་ཆ་མང་ཆེ་བས་ཇི་ལྟར་ཆོས་ནས་བཤད་པའི་ཐོས་བསམ་བསྒོམ་པའི་བསླབ་སྦྱངས་ཉམས་ལེན་གྱི་རང་རྒྱུད་འདུལ་ཐབས་ཀྱི་ལག་ལེན་ཡང་དག་ཅིག་དང་། འཆད་རྩོད་རྩོམ་གསུམ་གྱི་གཞན་དོན་འཁུར་དུ་འཁྱེར་བའི་མཁས་པའི་བྱ་གཞག་འདོན་སྤེལ་དེ་ཙམ་མ་ཐུབ་པའི་ཁར་རྒྱལ་ཁབ་ཅིག་དང་། སྤྱི་ཚོགས་ཤིག་གི་སྒུལ་ཤུགས་སམ་དོན་གྱི་བདག་པོར་གྱུར་པའི་གཙོ་གནད་མི་རིགས་འཕེལ་རྒྱས་ཀྱི་གཞི་རྩར་འགོག་རྐྱེན་གྱི་ནུས་པ་ཐོན་པ་མ་ཟད་དེས་རྒྱལ་དོན་འཛུགས་སྐྱོང་བྱེད་པའི་གཞི་རྩའི་དཔལ་འབྱོར་བརྟན་བརླིང་དང་། དམག་དཔུང་རྒྱ་བསྐྱེད། ཆབ་སྲིད་ཀྱི་གོ་རྟོགས། རྒྱལ་སྲུང་འཐབ་ཕྱོགས་སོགས་ཀྱིས་མཚོན་པའི་གནད་ཡོད་ལམ་ལུགས་གལ་ཆེ་མང་པོ་ཞིག་དང་དགོས་ངེས་སྒྲིག་འཛུགས་གལ་གནད་ཅན་མང་པོ་ཞིག་གི་ཆིག་སྒྲིལ་སྟོབས་ཤུགས་ལའང་རང་བཞིན་གྱི་དོ་ཕོག་དང་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པར་སྐུལ་འདེད་དང་རྨང་གཞི་ངེས་ཅན་ཞིག་ཀྱང་བཏིངས་ཡོད།
      གང་ལྟར་རྩ་བ་ཆོས་ལུགས་ཀྱི་འདུ་ཤེས་ལས་བྱུང་བའི་མི་འགྱུར་བའི་དད་སེམས་ཤིག་དང་དེ་ལས་མཆེད་པའི་རེ་བ་དང་ཡིད་ཆེས་ཟུང་འབྲེལ་གྱིས་སྟོབས་ཤུགས་ལ་བརྟེན་པའི་སེམས་ཁམས་དབང་བསྒྱུར་འདི་རིགས་སྤྱིར་མིའི་རིགས་ལ་དགོས་མཁོ་དང་ཁྱབ་བརྡལ་ཆེས་ཆེ་བས། རང་མི་རིགས་ཀྱི་དངོས་ཡོད་ཀྱི་འཚོ་བའི་ཁྲོད་དུའང་གནས་ལུགས་འདིའི་ཐད་ནས་བཤད་ན་དོན་ངོ་ཐོག་གི་གྲུབ་འབྲས་ཇི་འདྲ་ཞིག་དང་དེ་བས་མཐའ་གཅིག་ཏུ་ཕན་གནོད་གཏན་འཁེལ་བའི་འགྲེལ་བརྗོད་གཙང་མ་ཞིག་གིས་ཆོད་སྡོམ་ཡོད་མིན་ལ་མ་ལྟོས་པར་གང་ལྟར་ཆོས་ལུགས་འདི་ནས་བསྟན་པའི་མིང་དོན་མཚུངས་པའི་འདི་དང་ཕྱི་མ་རང་དང་གཞན་ཐམས་ཅད་ཀྱི་དོན་ཡང་དག་པར་སྒྲུབ་པའི་ཆོས་ཚུལ་རྣམ་དག་གི་རིང་ལུགས་འཛིན་པ་ཞིག་དང་། རྒྱལ་ཐབས་ཆབ་སྲིད་ཀྱི་ལམ་ནས་དགྲ་འདུལ་གཉེན་སྐྱོང་གིས་རྩོལ་སྒྲུབ་ཁོ་ནས་འཇིག་རྟེན་མིའི་རིགས་ཀྱི་དགོས་མཁོ་འམ་ཚེ་འདིའི་འཚོ་བ་ཚད་ལྡན་དུ་སྐྱོང་ལུགས་ཤིག་གི་དབར་དཀར་ནག་དང་། གྱེན་ཐུར། ཚ་གྲང་ལྟ་བུའི་བར་ཁྱད་དང་ཧེ་བག་ཆེས་ཆེ་བ་ཞིག་ལས་ཕན་ཚུན་མཐུན་བསྡེབས་ཀྱིས་མཉམ་གནས་ཡར་ལྡན་དུ་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་ལམ་གཅིག་ཏུ་རྒྱ་བསྐྱེད་མཐུན་འཇུག་མི་རུང་བ་ནི་ཁས་བླངས་ཏེ་བཤད་ཆོག་པའི་གནས་དོན་གསལ་ཤོས་ཤིག་རེད། དེ་ལྟར་ཆོས་ཀྱི་སྙིང་པོ་མི་རྟག་མི་བརྟན་ཅིང་། ངེས་འབྱུང་དང་སྐྱོ་ཤས། འདོད་པ་ཆུང་ལ་ཆོག་ཤེས་པ་སོགས་ནི་ཐོག་མཐའ་བར་གསུམ་དུ་ཆེས་ཤིན་ཏུ་གལ་འགངས་ཆེ་བའི་ཆོས་ལུགས་འདིའི་རྩ་བའི་སྒྲིག་གཞི་འམ་བླང་བྱ་དོན་གྱི་སྙིང་པོའི་སྙིང་པོ་ལྟ་བུར་ངོས་འཛིན་བྱེད་ཅིང་། དེ་ལྟ་དེ་ལྟར་དུ་བསྙོན་མེད་བཀའ་དང་རིགས་པས་ཡང་དག་པར་གྲུབ་ཅིང་དེ་བས་ནན་ཏན་ཆེན་པོས་ཡོངས་ཁྱབ་ཏུ་གསལ་བར་བསྒྲགས་པ་རེད། གཞི་རྩའི་རྒྱལ་ཁོངས་འདིའི་ས་བབ་ཤིན་ཏུ་མཐོ་བས་ལོ་ཏོག་ཐོན་འབྲས་རིགས་ཀྱི་སྐྱེ་ཁུངས་ཚད་གཞི་དམའ་བས་འཛད་སྤྱོད་གཟབ་ནན་གྱིས་གྲོན་ཆུང་དོ་དམ་བྱེད་དགོས་པ་སྨོས་མེད་ཁར་བསམ་གཞིགས་ཇི་ལྟར་བྱས་ཀྱང་ལྟོ་རྒྱབ་འཚོ་བའི་ཐད་ནས་བཤད་ན་རྒྱལ་ཁབ་གཞན་དང་མི་རིགས་གཞན་པ་དག་དང་བསྡུར་ན་རྗེས་ལུས་ཀྱི་གནས་སྟངས་མཐོང་ཆོས་མངོན་སུམ་དུ་ཡོད་ལ། ད་དུང་ཡར་ཐོན་ཅན་དང་གོང་དུ་འཕེལ་ཕྱོགས་ཅན་གྱི་རྒྱལ་ཁབ་དང་མི་རིགས་གཞན་གྱི་མཉམ་པོར་ལག་གདང་སྦྲེལ་ཏེ་རང་དབང་དང་བརྟན་ལྷིང་། ཆབ་སྲིད་དང་དཔལ་འབྱོར། རིག་གནས་དང་དགོས་འདུན་སོགས་འདྲ་མཉམ་ལུགས་མཐུན་དུ་མདུན་བསྐྱོད་བྱེད་དགོས་ན་དེ་ནི་མི་ལོ་བརྒྱ་ཕྲག་འགའི་རྗེས་ཕྱོགས་སུ་བསམ་གཞིགས་ཀྱིས་མཚུངས་བསྡུར་བྱ་རྒྱུའི་ཐབས་ལམ་ཉག་གཅིག་ལས་ད་ལྟའི་སྐབས་ཐོག་ཏུ་འདི་ལྟར་ཁ་ནས་ཀྱང་ལམ་སེང་བཤད་ཕོད་པའི་དོན་དག་ཅིག་རྩ་བ་ནས་མ་རེད།
      ང་ཚོས་གཟབ་ནན་གྱིས་ལྟ་སྐུལ་འོག་ཕྱིར་བལྟས་སམ་ཕྱིར་རྟོག་ཐེངས་གཅིག་བྱས་ཟིན་པའི་རྗེས་རང་ཉིད་ཐེ་བའི་གཞན་དག་འགྲོ་བ་མིའི་རིགས་ཡོད་དོ་ཅོག་གི་འཚོ་གནས་ཀྱི་གནས་དོན་འདི་ཉིད་ཡང་དག་པར་ལུགས་མཐུན་ཐག་གཅོད་ཅིག་གི་ཕྱིར་དུ་དགོས་མཁོ་གང་ཞིག་དང་འགན་འཁྲི་ཅི་ཞིག་ཡིན་པའི་ངོས་འཛིན་གསལ་རྟོགས་དང་། གང་ཞིག་ངོས་བཟུང་བའི་དོན་གནད་ཀྱི་ཕྱིར་དུ་རྩོལ་སྒྲུབ་ཀྱིས་སྟོབས་ཤུགས་དང་། ཐབས་ཇུས། རྒྱུན་བསྲིང་། དུས་དང་མཐུན་པའི་སྟངས་འཛིན་དང་ཁ་ཕྱོགས་ཤེས་པ་སོགས་འདི་དང་འདི་དག་དོ་གལ་གྱི་རྩ་འཛིན་ལག་བསྟར་དང་ཁག་ཐེག་ཐུབ་པའི་སྒྲིག་གཞི་ཁ་ཚང་གཏན་འཇགས་ཤིག་བྱུང་མེད་པར་མ་ཟད། ཕྱོགས་ཡོངས་ཀྱི་གཞི་རྩར་གྱུར་བའི་གལ་ཆེའི་ཤེས་ཡོན་སློབ་གསོའི་ཁ་ཕྱོགས་ཀྱང་ངེས་གཏན་ཞིག་དང་དེ་བས་ཆ་ཚང་བ་གཏན་ནས་མིན་པའི་རྒྱལ་ཁབ་ཅིག་དང་སྤྱི་ཚོགས་འདི་འདྲ་ཞིག་ཏུ་ནམ་ཡང་སྤྱི་དོན་འགན་ལེན་གྱི་གཙོ་གནད་དུ་འདོད་པའི་ཁྲིམས་སྒྲིག་སྙོམས་སྒྲིག་དང་། ཡར་སྐུལ་གྱི་བསམ་བློ། སྤྱི་དམངས་ཀྱི་འདོད་འདུན་དང་དགོས་མཁོ། དུས་བསྟུན་འཕེལ་ཕྱོགས་དང་རྩོལ་སྒྲུབ་རྒྱུན་བསྲིང་སོགས་དགོས་ངེས་ཅན་གྱི་དོན་ཆེན་པོའི་གནས་ལུགས་འདི་དག་ཕལ་ཆེར་གོ་ཐོས་བྱུང་ཡོད་ན་ལས་དོན་ཐོག་སྒྲིག་ཆུག་གི་ལག་ལེན་དུ་མེད་སོང་བ་ནི་ཟུར་ནས་བལྟས་ན་ལེབ་མཐོང་བའི་དཔེ་ལྟར་རེད། མ་ཟད་གཙོ་ཆེ་བའི་ལམ་ཕྱོགས་སམ་ཕྱོགས་ཡོངས་ཀྱི་གལ་ཆེའི་གནས་དོན་དེ་དང་དེ་དག་གི་ཁྱད་ཆོས་དང་དགོས་མཁོ། ནུས་ཤུགས་དང་རིན་ཐང་སོགས་ལ་ཞིབ་འདང་ཅི་ཙམ་དང་བསམ་གཞིགས་ཇི་ལྟར་བྱས་འོང་ནའང་གང་ལྟར་སྒུལ་ཤུགས་གཏན་ནས་ཟད་པའི་སྤྱི་ཚོགས་འདི་དང་ཁོར་ཡུག་འདི་ལྟ་བུའི་ངོས་ནས་བཤད་ན་ཕན་ཐོགས་མེད་ལ་ཉན་ན་དེ་བས་དོན་སྙིང་མེད་པའི་གནས་སྟངས་འདི་འདྲ་ཞིག་ཏུ་འགྱུར་འགྲོ་བས། དེས་གང་ཞིག་མཚོན་པ་ནི་རྒྱལ་ཁབ་འདི་དང་མི་རིགས་འདིའི་གནས་བབ་འདིའང་ཆགས་འཇིག་གཉན་འཕྲང་ཅན་གྱི་དུས་བབ་གང་འདྲ་ཞིག་ལ་གཏུགས་ཡོད་མེད་དང་། ལྷག་དོན་སྤྱི་ཚོགས་དེ་དང་དེའི་ད་ལྟའི་ལམ་ལུགས་དང་ཁ་ཕྱོགས། མི་རིགས་དེ་དང་དེའི་མི་ཚེའི་ལྟ་བ་དང་འཚོ་གནས་ཀྱི་འདུ་ཤེས་སོགས་ཕྱོགས་ཡོངས་ཀྱི་གནས་བབ་ཚད་གཞི་ཡང་གང་འདྲ་ཞིག་ཡིན་མིན་འདི་ལྟར་གསལ་ལྷང་ངེར་བསྟན་འོངས་པ་རེད།
      དེ་འདྲའི་ཉམས་ཞན་རབ་རིབ་ཀྱི་ཁོར་ཡུག་ཅིག་དང་ལྷག་དོན་སྤྱི་ཚོགས་སློབ་གསོའི་རྨང་གཞི་ཤིན་ཏུ་ཞན་པའི་མིའི་རིགས་ཀྱི་གྲལ་རིམ་འདི་ནས་འཐུས་སྒོ་ཚང་ཞིང་མིག་རྒྱང་རིང་བའི་རྒྱལ་དོན་དམངས་ཕན་གྱི་རླབས་ཆེ་བའི་ཁྲིམས་འཛིན་འགན་འཁུར་མི་སྣ་ཚད་ལྡན་ཞིག་དང་། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཁ་ཕྱོགས་ངོས་འཛིན་དང་དུས་ཚོད་ཚོད་འཛིན་གྱིས་གནད་ཡོད་ལས་དོན་ཁག་སྟངས་འཛིན་བཅོས་བསྒྲིགས་ཀྱིས་ཡང་དག་པའི་དུས་བསྟུན་ཐག་གཅོད་ཐུབ་པའི་དོན་དམ་པའི་སྣེ་འཁྲིད་པ་ཞིག་ཇི་ལྟར་ཡོང་ཐུབ་བམ། གང་ལྟར་འཇིག་རྟེན་མི་ཆོས་རིང་ལུགས་ཟེར་རམ་ཡོངས་གྲགས་སྤྱི་ཚོགས་སློབ་གསོའི་རྨང་གཞི་ཤིན་ཏུ་ཞན་པའི་ཁོར་ཡུག་འདིར་ཆོས་ལུགས་ཀྱི་ལྟ་བ་དང་དགོན་སྡེ་སློབ་གསོའི་དབང་སྒྱུར་གྱིས་རྒྱ་ཁྱབ་གནས་སྟངས་འོག་མི་ཆོས་གཞི་རྩར་བྱས་པའི་རྒྱལ་སྐྱོང་ཁྲིམས་ལུགས་ཀྱི་ལྟ་བ་འཐུས་ཚང་ཞིག་འདོན་སྤེལ་དང་འཛུགས་སྐྱོང་ཐུབ་ཐབས་མེད་པས་གནས་དོན་འདིས་ད་གཟོད་ང་ཚོའི་ལོ་རྒྱུས་སྟེང་མིའི་རིགས་ཀྱི་ཡང་དག་པའི་ལུགས་མཐུན་འཚོ་གནས་ཀྱི་དགོས་མཁོ་གང་ཞིག་ཡིན་པ་དང་། སྤྱི་ཚོགས་ཤིག་གི་གཞི་རྩའི་ལམ་ཕྱོགས་སམ་བསྒྲུབ་བྱ་དམིགས་ཡུལ་ཅི་ཞིག་ཡིན་པའི་གནས་དོན་འདི་དག་གསལ་རྟོགས་ཐུབ་ཐབས་མེད་པར་མ་ཟད་ད་དུང་དེ་བས་ཀྱང་འགྲོ་བ་མིའི་རིགས་ཀྱི་གཙོ་གནད་ཐོབ་ཐང་དུ་འབོད་ཆོག་པའི་མི་ཚུལ་རིང་ལུགས་ཀྱི་ལྟ་བ་ལྷད་མེད་ཅིག་དང་འཚོ་གནས་འགན་ལེན་གྱི་ཕྱིར་དུ་ཡང་སྙིང་མི་གཞི་ཅི་འདྲ་ཞིག་བཞེངས་བསྐྲུན་དགོས་པའི་ཚད་ལྡན་སློབ་གསོའི་ཐོན་ཁུངས་རྩ་བྲལ་དུ་གྱུར་ཟིན་པ་རེད། དེ་འདྲའི་གནས་བབ་ཅིག་དང་ཁ་སྟབས་ཀྱི་བཟོ་ལྟ་འདི་འདྲའི་ཐོག་ནས་ད་གཟོད་རྒྱལ་ཁབ་ཅིག་དང་། སྤྱི་ཚོགས་ཤིག  ད་དུང་མི་རིགས་ཤིག་གི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་གནས་སྟངས་ཁག་ཇི་མ་ཇི་བཞིན་དུ་གསལ་པོར་མཐོང་ཐུབ་པའི་ཆོས་སྲིད་གཉིས་ཀྱི་ཕྱོགས་གང་ལའང་ཉེ་རིང་ཕྱོགས་ལྷུང་དང་བྲལ་ཞིང་རྒྱ་ཁྱབ་ཀུན་སྤྱོད་འགན་འཁུར་གྱིས་སྲོང་པོར་བྲིས་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཚད་ལྡན་ཞིག་ཀྱང་ད་བར་རང་རེའི་མཐོང་ཐོས་ཀྱི་ཡུལ་དུ་བཤམ་མ་ཐུབ་པ་རེད།
      སྤྱིར་མི་ཚེའི་ལྟ་བའམ་རིན་ཐང་གི་ཐད་ནས་བཤད་ན་མཐའ་ཅིག་ཏུ་མ་ངེས་པར་འགྲེལ་ལུགས་མང་ཞིང་། ཁྱད་པར་དུ་དུས་ཚོད་ཀྱི་འཕོ་འགྱུར་དང་ཆབས་ཅིག་ཏུ་དགོས་མཁོའི་རྣམ་པར་གཞིགས་ཏེ་དེ་བས་འདོད་ཚུལ་སྣ་ཚོགས་ཤིག་ཡོང་མུས་ཀྱང་གང་ལྟར་རང་དང་རང་ཉིད་གང་ཞིག་ཏུ་གཏོགས་པའི་རྒྱལ་ཁབ་དང་། སྤྱི་ཚོགས། འཚོ་གནས། ཁོར་ཡུག་སོགས་ཅི་ཞིག་གི་ཕྱིར་དུ་དྲང་བདེན་རྨང་གཞིར་བྱས་པའི་ལྷག་བསམ་དང་ནུས་པས་ལྕོགས་ཚོད་ཀྱི་སྲི་ཞུ་ཚུད་པའི་རང་གཞན་གྱི་འདོད་འདུན་དང་ཕུགས་བསམ་རྩོལ་སྒྲུབ་བྱ་རྒྱུ་འདི་ནི་མི་ཚེའི་ལྟ་བ་དང་། མི་ཚེའི་རིན་ཐང་། དེ་བས་མི་ཚེའི་དོན་སྙིང་གི་གྲུབ་ཆ་ཞིག་ཏུ་མ་མཐར་ཡང་བརྩི་འཇོག་གིས་ཆ་ནས་བཤད་དགོས་པ་རེད།  དེ་ལྟར་དུ་ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོའི་མི་རིགས་འདིས་ཀྱང་མི་ཚེའི་ལྟ་བ་དང་རིན་ཐང་མཐོར་འདེགས་བྱེད་པའི་སྤྱི་ཚོགས་སློབ་གསོའི་དོན་སྙིང་དང་མིའི་རིགས་ཀྱི་མཁོ་གནད་གང་ཞིག་སྒྲུབ་བྱ་ཤིན་ཏུ་བརྟན་པོས་འགན་ལེན་རྐང་འཛིན་ཐོག་རང་ཉིད་ངོས་འཛིན་ཐུབ་པའི་ལངས་ཕྱོགས་སུ་ཤར་རེར་མདུན་བསྐྱོད་བྱེད་མྱོང་བའི་དུས་སྐབས་ཀྱང་ལར་ནས་མི་སྲིད་པ་ནི་མིན་ཏེ་རང་མི་རིགས་ཀྱི་འདས་དོན་ལོ་རྒྱུས་ལ་བསམ་གཞིགས་དང་བློ་རིག་གཡོ་བའི་རྒན་གཞོན་དང་མཁས་བླུན། གཟུ་བོ་དང་ཕྱོགས་ལྷུང་པ། ཤེས་དང་མི་ཤེས་པ་ཡོད་ཚད་ཆིག་བསྒྲིལ་གྱིས་ཁ་ནས་གསུམ་གཉིས་ས་ཐོག་ཏུ་དབང་སྒྱུར་གྱི་བཙན་པོའི་དུས་རབས་ཞེས་ཁ་ཕོ་འདི་ལྟར་ཆེ་ཆུང་ལ་མ་ལྟོས་པར་གང་ལྟར་གནས་སྐབས་དེ་དང་དེའི་ཚེ་དངོས་གནས་ང་ཚོ་བོད་པ་ཚང་གི་ཆབ་སྲིད་དང་དཔལ་འབྱོར། ཤེས་རིག་དང་ལྟ་བ། སྒྲིག་འཛུགས་དང་དགོས་མཁོ། འཇོན་ནུས་དང་ཁ་ཕྱོགས་སོགས་གལ་ཆེན་ཡོད་ཚད་ཀྱི་གནས་སྟངས་ནི་ས་སྒང་འཛམ་གླིང་ཧྲིལ་པོ་འདིའི་མདུན་གྲལ་དུ་ཆེས་རླབས་ཆེན་ཞིག་དང་ཆེས་སྔོན་ཐོན་ཞིག་ཏུ་གྱུར་ཡོད་པ་ནི་ལོ་རྒྱུས་དང་བདེན་དོན་གྱིས་ནམ་ཡང་གསལ་བཤད་ཡང་དག་པར་བྱས་ཆོག་པ་རེད། དེ་ལྟར་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་མིའི་རིགས་ཀྱི་མངོན་འདོད་རྩལ་དུ་བཏོན་ཅིང་དྲང་བདེན་དང་བདག་དབང་གཅེས་འཛིན་དུ་གྱུར་པའི་རྫོགས་ལྡན་གྱི་དུས་རབས་འདི་འདྲ་ཞིག་ངེད་ཅག་བོད་པ་ཚང་གི་ལོ་རྒྱུས་སུ་འོད་སྟོང་འཕྲོ་བཞིན་པར་མ་ཟད་མི་ལོ་ཧྲིལ་པོ་བཞི་བརྒྱའི་དུས་ཡུན་རིང་འདི་འདྲ་བའི་ཆིག་སྒྲིལ་སྟོབས་ཤུགས་ཀྱིས་གཟི་བྱིན་མངའ་ཐང་ཤིན་ཏུ་རྒྱས་ཤིང་ཉམས་དགའ་བའི་སྤོབས་སེམས་འོད་སྣང་གི་དྲོ་སྐྱིད་འཚོ་བས་རྒྱུན་འཁྱོངས་བྱས་ཤིང་མཐར་ཆོས་ལུགས་ཕྱོགས་ལྷུང་གིས་སློབ་གསོའི་རྒྱ་བསྐྱེད་དང་གནོན་ཤུགས་རིམ་པའི་འོག་ཏུ་རིམ་བཞིན་རྒྱལ་ཁབ་ཆགས་འཇིག་དང་མི་རིགས་དར་རྒུད་ཀྱི་འགག་རྩར་གནས་པའི་གལ་ཆེའི་ལམ་ལུགས་དང་། སྒྲིག་གཞི་གནད་ཡོད་རིམ་པ་ཁག་ལ་དོ་ཕོག་ཚབས་ཆེ་བྱུང་སྟེ་རྒྱལ་ཐབས་སྲ་བརྟན་དང་འབྱུང་འགྱུར་ཡོད་ཚད་ཀྱི་ཁ་ཕྱོགས་མཚོན་པའི་ཆིག་སྒྲིལ་འོད་སྣང་དེ་ཡང་མར་མེ་སྣུམ་ཟད་ཀྱི་ངང་ཚུལ་དུ་གྱུར་བས། བཙན་པོའི་རྒྱལ་རྒྱུད་ཀྱི་ཤ་ཁྲག་དྭངས་མ་ལས་མཆེད་པའི་བཙན་པོ་འུ་དུམ་གྱིས་སེམས་དང་མིག་གི་བར་ནས་མཐོང་བཞིན་པའི་རང་གི་ཡུལ་འདི་དང་། མི་རིགས་འདི། རྒྱལ་ཁབ་འདི་སོགས་སྙིང་ལ་གཅགས་པ་མིན་ནམ་གང་ལྟར་བོད་པ་ཚང་གི་རྒྱང་མིག་མ་ཆོད་པའི་བློ་མིག་ཡོད་ཚད་ཐམས་ཅད་ཀྱི་མདུན་དུ་མ་འཚམ་མ་རན་པའི་ཤིན་ཏུ་འུ་ཐུག་པའི་འགན་འཁུར་གྱིས་མཆོང་རྒྱག་ཐེངས་གཅིག་གིས་ད་གཟོད་རྒྱལ་ཁབ་འདི་དང་མི་རིགས་འདིའི་འབྱུང་འགྱུར་གྱི་ཁ་ཕྱོགས་ལེགས་བཅོས་སུ་འོང་དུ་རེ་བ་ཕ་མཐར་བཞག དེ་ལས་ལྡོག་སྟེ་ཐ་ན་རང་གི་གཅེས་སྲོག་ཆུང་ངུ་དེའང་སྲུང་སྐྱོབ་མ་ཐུབ་པར། བཤད་རྒྱུན་དུ་ཡོད་པའི་འབོད་ཚིག་སྟེ། " མདའ་སྣེ་གཅིག་གིས་མཚོན་འོག་དང་ཆོས་ལུགས་གཅིག་གིས་དད་སེམས་འོག་ཏུ་འདི་ལྟར་ཡོངས་སུ་ཕམ་སོང་། " ཞེས་གང་ལྟར་བསམ་ཕྱོགས་སེམས་པའི་གནས་ལུགས་ཡོད་ས་ཞིག་ནས། ཧྲིག་ཧྲིག་མིག་གིས་མངོན་སུམ་མཐོང་ས་ཞིག་ནས་བླ་ན་མེད་པའི་བོད་ཆིག་སྒྲིལ་སྟོབས་ཤུགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྙན་བརྗིད་བཙན་པོའི་རྒྱལ་རབས་ཀྱི་མངའ་ཐང་ལམ་ལུགས་འདི་ཉིད་ཡོངས་སུ་མཇུག་བསྡུའི་བཞི་ཤད་ཅིག་དང་། བོད་སིལ་བུའི་ཉམས་རྒུད་དུས་རབས་ཀྱི་ཐོག་མའི་དབུ་འཁྱུད་ཅིག་གསལ་བར་བྲིས་ཏེ་འདི་ལྟར་ང་ཚོ་དང་གཏན་དུ་ཁ་གྱེས་སོང་བ་རེད།
      གང་ལྟར་ཆོས་ལུགས་དང་སྲིད་ལུགས་ཟུང་འབྲེལ་གྱིས་སྐལ་མཉམ་དོ་སྙོམས་ཤིག་འབྱུང་རབས་ཤིན་ཏུ་དཀའ་ཞིང་དེ་བས་གང་ཞིག་མཐོ་དམན་དུ་གྱུར་བའི་བར་ཁྱད་ཀྱི་འགལ་བའི་རྣོ་ངར་ཛ་དྲག་ཅན་རབ་དང་རིམ་པ་འདིའི་འོག་ཏུ་ཡོད་ཚད་ཀྱི་མིག་དང་ལོ་རྒྱུས་ཀྱིས་མཐོང་སར་རྒྱལ་ཁབ་ཀྱི་མངའ་ཐང་ཉམས་ཞན་དང་ཡུལ་སྡེ་ཞིང་འབྲོག་རྒྱ་ཆེའི་མི་དམངས་མང་ཆེ་བའི་ལྟོ་རྒྱབ་འཚོ་བ་ནི་དབུལ་ཞིང་ཕོངས་པར་མ་ཟད་ཤེས་ཡོན་གྱི་འབྱུང་ཁུངས་ནི་དེ་བས་མེད་ལ། རང་མི་རིགས་ཀྱི་རྩ་བའི་སྐད་ཡིག་གཉིས་ཀྱི་ཤེས་ལྡན་པ་ཙམ་ཡང་འབྱུང་བ་དཀོན་པར་མ་ཟད་དེ་བས་ཡིག་རྨོངས་པའི་ཁ་གྲངས་ནི་ཡུལ་འདིའི་སྤྱིའི་མི་འབོར་གྱི་གསུམ་ཆ་གཉིས་ལྷག་ཙམ་ཟིན་ཡོད། གཙོ་བོ་ཡུལ་འདིར་དུས་རབས་ཉི་ཤུ་པའི་མགོ་སྟོད་ཙམ་དུ་མ་གཏོགས་མི་རིགས་འདི་དང་འདིའི་སྐད་ཡིག་གཙོ་བོར་གྱུར་པའི་ཡུལ་གོམས་གཤིས་ལུགས་སོགས་ཀྱིས་མཚོན་པའི་རིག་གཞུང་སྤྱི་དང་། ཁྱད་པར་དུ་ཆབ་སྲིད་དང་དཔལ་འབྱོར་ལ་སོགས་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་འགན་འཁུར་བའི་ཁྲིམས་མཐུན་གྱི་སྤྱི་ཚོགས་སློབ་གསོ་ཆ་ཚང་བ་ཞིག་འཆད་འཁྲིད་ཉན་བསམ་བྱ་ཡུལ་གྱི་སློབ་གླིང་ཚད་ལྡན་ཞིག་རྩ་བ་ནས་བྱུང་མྱོང་མེད་པའི་གནས་སྟངས་གསལ་པོ་ཞིག་མཐོང་དང་མཐོང་བཞིན་པ་འདི་རེད། སྤྱིར་ཡུལ་འདིའི་ཁྱོན་ཡོངས་ཀྱི་མིའི་རིགས་ཀྱི་གཞི་རྩའི་ལྟ་བའམ་མི་གཤིས་ཀྱི་རང་བཞིན་ནི་ཁྲག་རྒྱུན་དང་འདྲེས་ཤིང་རུས་རྐང་དུ་ཐིམ་པའི་སངས་རྒྱས་ཆོས་ལུགས་ཀྱིས་ཡང་དག་པར་བསྒོས་པའི་བག་ཆགས་འདིས་ཇི་ཙམ་ཉམས་ཞན་དུ་གྱུར་བའི་དཀའ་སྡུག་གི་འཚོ་བ་དང་གནས་སྟངས་གཉན་འཕྲང་ཅན་སོགས་གང་ཞིག་སྐྱིད་སྡུག་ཆེས་ཉམས་དམས་ཛ་དྲག་ཅན་གྱི་དུས་སྐབས་གང་འདྲ་ཞིག་གི་གནས་བབ་ཁྲོད་དུ་ཡིན་ནའང་བཟོད་བསྲན་བསམ་གཞིགས་ཀྱིས་གདོང་ལེན་དཀའ་ཐུབ་ཆེ་བར་མ་ཟད་རྒྱུན་དུ་དྲང་བཞག་ཚད་དུ་བཟུང་བས་གཡོ་སྒྱུ་མེད་ཅིང་ཁ་ངོ་འཛུམ་མདངས་མ་ཡལ་བར་རང་བཞིན་སེམས་རྒྱུད་དལ་ཞིང་བཟང་ལ། ངོ་གདོང་ཐལ་དྲེག་དང་། རྐང་ལག་སེར་གས་ཁྱབ་པར་ཡོད་ནའང་བློ་ལྟོས་དད་མོས་ཀྱི་སྐུ་གསུང་ཐུགས་སོགས་མཆོད་ཡུལ་ཞིང་མཆོག་གི་རྟེན་རྣམས་ཁ་ཚང་སྣུམ་ཞག་འཁྱིལ་ལེར་ཀོང་བུ་མར་ཁུས་བཀང་བའི་གནས་སྟངས་ནི་ཕལ་ཆེར་མིག་ལམ་ནས་ཡལ་མ་མྱོང་བ་ལྟ་བུ་རེད།
      དེ་བས་ཡུལ་སྡེ་སྤྱིའི་དགོན་པ་དང་ལྷ་ཁང་སོགས་ཐམས་ཅད་ནི་ཕྱིའི་བཀོད་པ་མཛེས་ཤིང་རྒྱ་ཆེ་ཡིད་འཕྲོག་བལྟ་ན་སྡུག་པར་མ་ཟད་ནང་གི་དད་རྟེན་མཆོད་ཡུལ་གྱི་ཞིང་དམ་པ་སངས་རྒྱས་བྱང་སེམས་ཀྱི་སྐུ་འདྲ་དང་། རྒྱལ་བའི་བཀའ་བསྟན་གསུང་རབ་ལ་སོགས་པ་ཐམས་ཅད་ཤིན་ཏུ་གྲ་དག་ཅིང་རྒྱུ་སྤུས་རིན་ཐང་ཅན་ལས་གྲུབ་པ་ཤ་སྟག་རེད།  འདི་འདྲའི་ཁོར་ཡུག་ཅིག་དང་འདི་འདྲའི་ཕ་མེས་ཀྱི་འདུ་ཤེས་ཤིན་ཏུ་ཟབ་མོ་ཞིག་གིས་བརྒྱུད་པ་བར་མ་ཆད་པར་འོངས་པས་ད་གཟོད་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བསམ་པའི་གྲུབ་ཆ་འམ་གཞི་རྩའི་ལྟ་བ་ནི།  དགེ་ཆོས་ཀྱིས་གསུངས་ལྟར། གནས་ལུགས་གསར་པ་དང་བྱ་གཞག་གསར་པའི་རིགས་ལ་གཏན་ནས་མི་དགའ་ཞིང་ཕ་མེས་ཡང་མེས་ཀྱི་གོམས་གཤིས་སམ་ལམ་ལུགས་རྙིང་པ་དག་ལ་ལྷ་ཡིས་རྒྱབ་རྟེན་དང་འདྲེ་ཡིས་སྲུང་སྐྱོབ་ཀྱིས་འགྲེལ་བཤད་རིང་ཐུང་སྣ་ཚོགས་ཤིག་བཏགས་ཏེ་དེ་དག་ལས་སོར་གང་ཡང་གཏན་ནས་འདའ་བར་བྱེད་མི་ཉན་པ་རེད། གལ་ཏེ་གནས་ལུགས་གསར་པ་དང་བྱ་འགུལ་གསར་པའི་རིགས་མགོ་བོ་འབུད་ཐུབ་ཙམ་རེ་བྱུང་བའི་དབང་དུ་བཏང་ནའང་དེ་དག་ནི་བཀྲ་མི་ཤིས་ཤིང་སྣོད་བཅུད་གང་ཞིག་ལ་གོད་ཆགས་ཀྱི་རྟགས་སམ་མཚན་མར་འདོད་ཅིང་། སྐབས་ཐོག་སོ་སོར་བབ་འོས་ལུགས་མཐུན་བརྟག་དཔྱད་ཀྱིས་དཔྱོད་ཤེས་བདེན་པའི་གོ་སྐབས་དབྱེ་མི་རུང་བར་དེ་འཕྲལ་གཏན་མེད་འབུར་འཇོམས་ཁོ་ན་བྱེད་རྐྱང་བྱེད་པ་རེད། དོན་འདིར་བསམས་ན། ཤིན་ཏུ་ཉག་ཕྲ་བའི་ཆེས་གདོད་མའི་བསམ་སྤྱོད་གུ་དོག་རང་བཞིན་ཅན་གྱི་འཕྲང་ལམ་རིང་སོང་ཀྱག་ཀྱོག་འདི་ནས་ཡར་རྒྱས་སྔོན་ཐོན་དུ་ཕྱོགས་པའི་བསམ་བློ་དང་དུས་བསྟུན་རྩོལ་སྒྲུབ་ཆོས་ཉིད་ཀྱིས་ཡང་དག་པར་ཟིན་པའི་ད་ལྟའི་དུས་རབས་ཀྱི་རྒྱ་ཆེ་ཁོད་ཡངས་པའི་གཞུང་ལམ་ཐོག་སླེབས་པར་ཤིན་ཏུ་ཁ་ཐག་རིང་དྲགས་པ་རེད།
      དད་སེམས་རིང་ལུགས་པའི་གཞུང་དྲང་སྟོབས་ཤུགས་དང་། འགྱུར་བ་མེད་པའི་ཡིད་ཆེས་ཀྱིས་རང་གཤིས་མཐའ་འཁྱོངས་ཐོག་ཆོས་ལུགས་ཀྱིས་བསྒོས་པའི་བག་ཆགས་དང་མེས་པོས་བཞག་པའི་བསླབ་བྱས་རྩ་ལམ་ཁྲག་ལམ་དུ་རྒྱུ་ཞིང་། རུས་རྐང་དང་སྒལ་ཚིགས་སུ་འཐིམ། སྙིང་དང་ཀླད་རྩ་འགུལ་བའི་ཡོད་ཚད་དབང་བསྒྱུར་གྱིས་གནས་སྟངས་འོག་རྒྱུན་རིང་ཆོས་ལུགས་ལ་མཐའ་ཅིག་ཏུ་བཅངས་པའི་དད་སེམས་དང་འདུ་ཤེས་ཤིན་ཏུ་ཟབ་ལ་རྒྱ་ཆེ་བའི་དཔེ་སྟོན་ཁུངས་བཙན་ཐུབ་པའི་ལོ་རྒྱུས་ཡུན་རིང་གི་དགོན་རྙིང་དང་། གྲུབ་རྙིང་། ལྷ་ཁང་སོགས་ཆེ་གྲས་སྟོང་ཚོ་བདུན་ལྷག་བརྒལ་ཞིང་དེ་དག་གི་ཁྲོད་དུ་ཆོས་བྱེད་པའི་གྲྭ་བཙུན་གྱི་སྡེ་གསར་རྙིང་དང་ཆེ་ཆུང་སྣ་ཚོགས་པ་མང་ཞིང་། དགོན་སྡེ་ཆེ་ཁག་གི་ཆོས་གྲྭ་རྣམས་སུ་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་རྒྱ་ཆེན་པོའི་གཞུང་ལུགས་ཆོས་ཀྱི་གཙུག་ལག་རབ་འབྱམས་རྣམས་སུ་སྦྱང་བརྩོན་སློབ་གཉེར་བ་གྲྭ་བཙུན་ཕོ་མོ་སྟོང་ཚོ་ལྔ་དྲུག་ཙམ་རེ་མི་ཚེ་མཐར་ཐོན་ཆོས་ལ་ཐོས་བསམ་གྱིས་འཇུག་ཅིང་། དེ་མིན་སྐྱ་སེར་རིས་སུ་མ་ཆད་པའི་མི་རིགས་འདིས་ཚེ་འདིར་སྙིང་པོ་ཆོས་ལུགས་ཀྱི་ལྟ་བའི་ཐོག་ནས་ཚེ་འདི་དང་ཕྱི་མའི་འདོད་འདུན་གང་ཡོད་བསམ་པ་བཞིན་དུ་བགེགས་མེད་ལམ་ལྷོང་དུ་འགྲུབ་པའི་ཆོ་གའི་རིགས་སྣ་ཚོགས་ཤིག་དང་། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ལ་སོགས་པའི་གཟུངས་སྔགས་འབུམ་ཐེར་དང་འབུམ་ཐེར་གསོག་སྒྲུབ་ཐོག་ཚེས་གྲངས་བཟང་པོ་རྣམས་ལ་དམིགས་བསལ་རྟེན་མཇལ་དང་སྐྱབས་སྨོན། མཆོད་འབུལ་བསང་མཆོད་སོགས་དགེ་སྒྲུབ་ཚོགས་གསོག་གིས་རྒྱུ་མཐུན་བྱ་བ་ཅི་རིགས་པར་བྱེད་ཅིང་དེའི་མཐུ་ལས་རང་གཞན་སེམས་ཅན་ཐམས་ཅད་གསོན་པོའི་འཇིག་རྟེན་འདིར་ཚེ་རིང་བ་དང་། ནད་མེད་ཅིང་། དམག་འཁྲུག་མུ་གེ་སོགས་ཀྱིས་མཚོན་པའི་མི་འདོད་རྒུད་ཚོགས་མཐའ་དག་ལྷག་མེད་དུ་ཞི་ཞིང་། ཕྱི་མར་གཏན་བདེའི་ལམ་བཟང་པོ་བརྒྱུད་མར་འཛིན་པའི་དལ་འབྱོར་གྱི་རྟེན་ཤ་སྟག་ཐོབ་སྟེ། མདོར་ན་བསམ་པ་དང་སྨོན་པའི་དོན་མཐའ་དག་བདེ་བླག་བགེགས་མེད་ཡིད་བཞིན་དུ་འགྲུབ་པའི་ཡིད་ཆེས་དང་རེ་བ་སྙིང་ཁོང་རུས་པའི་གཏིང་ནས་བྱེད། དེ་ལྟར་དངོས་ཡོད་ཀྱི་འཚོ་བའི་བརྒྱུད་རིམ་ཁྲོད་དུའང་ལུས་ལ་ནད་གཞི་ཆེ་ཆུང་ཇི་འདྲ་ཞིག་བྱུང་ནའང་ལུགས་མཐུན་ཆེད་ལས་ཚན་རྩལ་གྱི་སྨན་པ་བསྟེན་གཏུགས་ཀྱིས་གསོ་བཅོས་སྨན་རིགས་དང་དེ་ལས་འཕྲོས་པའི་ཟས་བཅུད་བསྟེན་ཐབས་རིགས་འདོད་འདུན་ཡིད་ཆེས་ལག་ལེན་དུ་མི་བྱེད་པར། ལྷ་སྲུང་གསོལ་མཆོད་དང་། མོ་ལུང་བརྟག་ཞུ། ཆོས་ལུགས་ཀྱི་ཆོ་ག  བླ་མ་ལྷ་སྲུང་གི་བྱིན་རླབས། སྐུ་གསུང་ཐུགས་རྟེན་གྱི་ན་བཟས་མཚོན་པའི་བཟའ་རྒྱུ་དང་འཐུང་རྒྱུ་མེ་ལ་བསྲེག་རྒྱུ་བཅས་གང་ཞིག་གནོད་པ་འགོག་ཅིང་ཕན་པ་སྒྲུབ་ཐབས་ཀྱིས་ལུགས་སྲོལ་ཅི་རིགས་ཤིག་བྱས་ཏེ་མཐའ་མཇུག་གི་དོན་འབྲས་སམ་ཚེ་སྲོག་གི་མཇུག་འབྲས་ནི་སྔོན་བསགས་ལས་དབང་གིས་བཀོད་སྒྲིག་གང་ཞིག་ལ་བཅོལ་ཏེ་རང་ངོས་ནས་དེ་ཙམ་གྱི་དོ་འཁུར་བསམ་གཞིགས་བྱེད་མི་དགོས་པར་གནས་སྟངས་གང་འདྲ་ཞིག་དང་རྒྱུ་མཚན་ཅི་འདྲ་ཞིག་གིས་མིག་མདུན་དུ་དངོས་སུ་བརྟོལ་འོངས་ནའང་གང་ལྟར་ཕ་མེས་ཡང་མེས་ཀྱི་སྲོལ་རྒྱུན་གཤིས་ལུགས་དེ་དག་ནི་རེ་རེ་ནས་སྲོག་ལ་བབས་ཀྱང་ཅི་མི་སྙམ་པར་ཡང་བསྐོར་བསྐྱར་བསྐོར་གྱིས་རྒྱུན་འཛིན་དང་སྲུང་སྐྱོབ་ནན་ཏན་དུ་བྱེད་རྐྱང་བྱེད་པ་རེད།
      བསམ་བློ་དྲང་བཞག་དང་། འདུ་ཤེས་དྲང་བཞག དགོས་མཁོ་དྲང་བཞག ལས་འགན་དྲང་བཞག འཚོ་གནས་དྲང་བཞག རྩོལ་སྒྲུབ་དྲང་བཞག་བཅས་ཀྱི་འགན་འཁུར་གྱིས་ལྟ་ཐོག་ནས་གཟབ་ནན་གྱིས་དོ་ནན་ཙམ་བྱས་ཏེ་བཤད་ན་ང་ཚོ་མིར་སྐྱེས་པས་མིའི་འདོད་པ་གཞིར་བཟུང་བའི་ཡང་དག་པའི་དགོས་ངེས་ཀྱི་བྱ་བའམ་དོན་ངོ་མའི་འགན་འཁྲི་ཞེས་པ་འདི་ངོས་བཟུང་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཞིང་དེ་བས་གཡོ་ཟོལ་སྤངས་ཏེ་དོ་གལ་ཆེན་པོས་ནན་ཏན་གྱིས་རྩོལ་སྒྲུབ་མཐར་འཁྱོལ་བྱེད་དགོས་པ་ནི་མིའི་རིགས་ཀྱི་འཚོ་གནས་ཀྱི་ལམ་ལུགས་འཐུས་ཚང་དུ་ཐག་གཅོད་བྱེད་པའི་ཐབས་ལམ་ཨང་དང་པོ་དེ་ཡིན་ལ། ད་དུང་གནས་དོན་དེ་དག་དང་ཐད་ཀར་རམ་ཡང་ན་དངོས་སམ་བརྒྱུད་པ་གང་ཞིག་ནས་འབྲེལ་ཡོད་ཀྱི་སྐབས་དང་དུས་ལ་རན་པའི་དོན་དམ་པའི་དགོས་ངེས་ཀྱི་བཤད་དགོས་པའི་སྐད་ཆ་དང་རྒྱུ་མཚན་དག་ནི་དེ་བས་གཡོ་བཅོས་ཀྱིས་བརྐྱང་བསྐུམ་ནམ་ཡང་མི་བྱེད་པར་གང་སེམས་ན་གསལ་གསལ་ཐིང་ཐིང་དང་ངེས་ངེས་ཁྲིག་ཁྲིག་ཏུ་ཡོད་བཞིན་པའི་གནས་ལུགས་རྣམས་ལུགས་མཐུན་དྲང་བཞག་གི་ལམ་ནས་ཐད་ཀ་ཐད་ཀར་ཁ་ནས་ཤོད་དགོས་པ་ལས། ཁོག་རྒྱ་ཆེ་ཞིང་སྒམ་པོ་ཡིན་རབས་ཀྱི་ཚོད་དུ་དོན་ལ་གཡོ་ཟོལ་བག་ཁུམ་དང་རྨོངས་དད་ཀྱིས་གཞན་ངོ་སྲུང་བའི་བྲན་གཡོག་འཁྲུལ་མེད་ཅིག་ཏུ་ནམ་ཡང་མི་ལུས་ཀྱི་དོན་སྙིང་དང་། དགོས་མཁོ། རང་བཞིན་ཆོས་ཉིད་སོགས་རྡོག་རོལ་བྱེད་རྐྱང་གིས་དེ་ལས་ཐ་དད་པའི་ལམ་ལུགས་འཁྱོག་པོ་དང་དོན་མེད་རུལ་སུངས་ཀྱི་རྗེས་འགྲོར་ཤི་འཐམ་སྦར་འཐམ་དང་། ལྐོག་ཏུ་གྱུར་ཅིང་ནམ་ཡང་མིའི་རིགས་ཀྱི་ཀུན་སྤྱོད་ལས་རབ་རིབ་ཏུ་གྱུར་བའི་ལྷ་འདྲེའི་མཐུ་སྟོབས་དང་ཤིན་ཏུ་བཙན་དྲགས་པའི་དབང་བསྒྱུར་ལས་དབང་གི་སྐྱབས་འོག་ཏུ་སེམས་གཙོ་སྨྲ་བའི་ལུགས་སུ་བསྙད་དེ།  ད་དུང་ཡང་ཤི་མ་གསོན་གྱི་རྣམ་ཤེས་ཤིག་དང་འགྱེལ་མ་ལང་གི་གཟུགས་བརྙན་ཞིག་གིས་ཚད་དུ་མུ་མཐུད་དེ་ལུགས་རྙིང་སྲ་འཐས་ཀྱི་མལ་སར་རྨོངས་ཞེན་གྱི་རྨི་ལམ་མཐུག་པོ་འབའ་ཞིག་ཉུལ་གྱིན་དང་བསམ་གྱིན་ཁོ་ན་བསྡད་ན་ཡོང་རྒྱུའི་ཐོབ་བྱ་ངོ་མ་ནི་དུས་རབས་དང་མཐུན་པའི་འགྲོ་བ་མིའི་རིགས་སྤྱི་ལ་དབང་བའི་རང་དབང་རྨང་གཞི་རྩ་བར་བྱས་པའི་འཚོ་གནས་ལུགས་མཐུན་གྱི་ཁ་ཕྱོགས་ཡང་དག་པ་ཞིག་དང་། འགྲུབ་རུང་བསམ་ཚོད་དུ་གྱུར་བའི་བདེ་བདེ་སྐྱིད་སྐྱིད་ཀྱི་ལུས་སེམས་འདི་ལྷོད་ཤིག་གེར་རང་གི་ཕ་ས་ཕ་ཡུལ་གྱི་ས་ཐོག་གཞི་ཐོག་ཏུ་ཞི་འཇམ་ལྷིང་འཇགས་ཀྱི་དོན་དམ་པའི་འཚོ་བ་ཞིག་དུས་ད་ལྟའང་མངོན་འགྱུར་བྱེད་མི་ཐུབ་པ་ནི་ད་ལྟའི་ཁ་སྟབས་དང་བཟོ་ལྟ་འདི་རེད།
      སྤྱིར་བཏང་མི་རིགས་འདི་དང་འདིའི་འདས་པ་དང་ད་ལྟའི་འཚོ་བ་དངོས་ཀྱི་ཉམས་མྱོང་གི་བརྒྱུད་རིམ་མང་དག་ཅིག་དང་གནས་ལུགས་རབ་དང་རིམ་པ་མང་པོའི་འབྲེལ་ཆགས་རྒྱུ་མཚན་སོགས་ཡང་དག་པའི་དོན་དངོས་ཀྱི་ལམ་འདི་ནས་བཙོ་སྦྱངས་མཐར་ཕྱིན་བྱས་པ་ལས་བྱུང་བའི་དྲང་བཞག་ཆོད་བསྡོམས་ཀྱི་སྐད་ཆ་ཞིག་སྟེ། '' སེམས་བསམ་པས་བར་སྣང་དུ་རྟ་རྒྱུགས་ཀྱང་། །དོན་དངོས་པོས་སྦར་མཐིལ་ལ་སོ་མི་ཐེབས། '' །ཞེས་པ་འདི་རེད། འདིས་གནས་ལུགས་གང་ཞིག་བརྒྱུད་དེ་འབྲས་བུ་ཅི་ཞིག་བསྟན་པ་རེད་ཅེ་ན། འདིས་ང་ཚོ་ཁ་བ་གངས་ཅན་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བཤད་ཆོག་པའི་ལས་དབང་དང་། མི་རིགས་འདི་དང་འདིའི་ཡོད་ཚད་ཀྱི་ཀུན་སྤྱོད་དང་བསམ་བློའི་ཚད་གཞི་མཚོན་པར་མ་ཟད་དེ་བས་ཀུན་སྤྱོད་དང་བསམ་བློའི་ཁ་ཕྱོགས་འདི་ལས་ཐོབ་པའི་མཇུག་འབྲས་ཏེ་མི་རེ་ངོ་རེའི་གནས་བབ་ལས་འཕྲོས་པའི་གཅིག་གྱུར་རྒྱལ་ཁབ་ཅིག་གི་དར་རྒུད་དང་མི་རིགས་ཤིག་གི་འཚོ་གནས་སམ་སྐྱིད་སྡུག་གི་གནས་སྟངས་གང་ཞིག་ཡིན་མིན་འདི་དག་ཀུན་ཆ་ཚང་བ་ཞིག་གསལ་ལྷང་ངེར་བསྟན་པ་རེད། ཡིན་ནའང་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་གནས་ལུགས་ཡང་དག་པས་དོན་དག་གང་ཞིག་ཇི་མ་ཇི་བཞིན་གསལ་རྗེན་དུ་མིག་སྔར་བརྟོལ་འོངས་པའི་འགྲོ་སྟངས་འགྲོ་ལུགས་ཀྱི་བདེན་པའི་རྣམ་འགྱུར་མཚོན་པའི་སྐད་ཆ་དེ་དག་ཁ་ནས་བཤད་ཤེས་པ་ཙམ་ལས་དེ་དག་ལས་འཕྲོས་པའི་གནས་དོན་འདིས་གནད་ལ་འཁེལ་བའི་བོད་སྤྱི་ཚོགས་ཀྱི་ལས་དབང་དང་ཁ་ཕྱོགས་ཡོངས་སུ་མཚོན་པའི་སྡོམ་ཚིག་འཁྲུལ་མེད་ཅིག་ཏུ་བསམ་གཞིགས་དང་དེས་འབྱུང་གྱུར་གནད་ལ་འཁེལ་བའི་སློབ་སྟོན་པ་ཞིག་གམ་དྲན་བསྐུལ་ཞིག་ཏུ་ངོས་བཟུང་མ་ཐུབ་པ་ནི་ཤིན་ཏུ་ཐ་ཆད་པའི་རྨོངས་པ་ཧོལ་རྒྱུགས་ཀྱི་བྱེད་སྟངས་ཤིག་དང་། དེ་བས་འགན་འཁུར་གཏན་ནས་མི་དགོས་པའི་སྙན་ངག་པའི་ཚིག་ཚོགས་ལྟ་བུ་ཤིག་ཏུ་འགྱུར་སོང་བ་ནི་བློ་ཡུལ་ལས་འདས་པའི་ཕམ་ཁ་ཞིག་ཀྱང་རེད། ང་ཚོས་རྟོག་གཞིགས་ཟབ་མོས་བསམ་ཕོད་པའི་རྒྱ་ཆེ་བའི་ཀླད་པའི་ངལ་རྩོལ་ཤིན་ཏུ་རྙོག་འཛིངས་ཅན་མང་པོ་ཞིག་མི་རབས་ནས་མི་རབས་བསྟུད་དེ་འབད་བརྩོན་རྒྱུན་མཐུད་དུ་བྱས་འོངས་ནའང་བྱས་པའི་ལས་ལ་གྲུབ་པའི་མཐའ་དང་། ཐོབ་པའི་འབྲས་བུ་ཞིག་གི་གནས་ལུགས་འདི་ཙམ་ཞིག་ནི་མ་ཤེས་པ་གཏན་ནས་ཡིན་མི་སྲིད་ཀྱང་། འོན་ཏེ་ང་ཚོར་མཁོ་བ་སྟེ་སྔར་ནས། དུས་ད་ལྟའང་ཅི་ཞིག་ཐོབ་ཡོད་དམ། མདོར་ན་དེ་དང་དེ་འདྲ་བའི་གནས་སྟངས་ཤིན་ཏུ་གསལ་རྗེན་མང་དག་ཅིག་གིས་ང་ཚོའི་རྒྱབ་མདུན་དང་གཡས་གཡོན་གྱི་ཕྱོགས་དང་མཚམས་གང་ཞིག་ནས་ཡང་ཡང་དབང་མེད་དུ་ནན་གྱིས་བརྟོལ་འོངས་ནའང་ང་ཚོས་གནས་དོན་དེ་དག་ལ་དགོས་ངེས་བསམ་གཞིགས་ཀྱིས་དུས་ཐོག་ཏུ་ཕྱོགས་བསྡོམས་ནན་ཏན་ཞིག་གཏན་ནས་བྱེད་མི་ཐུབ་པའི་ཁར་སྤྱི་སྲོལ་བཏང་སྙོམས་ཀྱི་ལམ་ལུགས་ཁོ་ནས་རྒྱུན་བསྲིངས་ཏེ་འོངས་པ་ནི་རྒྱལ་ཁབ་འདི་དང་མི་རིགས་འདིའི་ལོ་རྒྱུས་ཀྱི་ཐོག་ཏུ་བྱུང་བའི་གྱོང་གུད་ཀྱི་གཞི་རྩ་ཆེ་ཤོས་ཤིག་དང་ཉེས་སྤྱོད་ཀྱི་ངོས་ནས་བཤད་ན་དེ་ནི་ངོ་བོ་ཚབས་ཆེ་ཤོས་ཤིག་ཏུ་འདི་ལྟར་ནམ་ཡང་བཤད་ཆོག་ཆོག་རེད།
      མིའི་ཀླད་པ་དང་། མིའི་ཆོས་ཉིད། མིའི་དགོས་མཁོ་སོགས་འགྲོ་བ་མིའི་རིགས་ཀྱི་གཙོ་བོའི་གྲུབ་ཆར་གྱུར་བའི་གནས་དོན་འདི་དག་རང་སར་བཞག་པའི་རྨང་གཞིའི་ཐོག་རྩོལ་སྒྲུབ་མཐུན་འཇུག་གིས་འགན་འཁུར་བྱ་བ་སྒྲུབ་དང་བསྒྲུབ་བཞིན་པའི་མི་གཞི་སྒེར་ཚུགས་ཅན་ཞིག་གིས་ངོས་ནས་བལྟས་ན་ང་ཚོ་ནི་འགྲོ་བ་མིའི་རིགས་ཤིག་གི་ཚད་དུ་ནམ་ཡང་ངོ་ཤེས་ཀྱིན་མེད་ལ། དེ་བས་དོན་གནད་གསལ་ཤོས་ཤིག་ནི་རང་ཉིད་ཀྱིས་རང་ཉིད་ངོས་བཟུང་ཞིང་བསམ་ཤེས་པའི་མི་གཞི་ཚད་ལྡན་ཞིག་ཡིན་མིན་ནི་གོ་ལ་ཧྲིལ་པོའི་ས་སྒང་གི་རྒྱ་ཆེ་བའི་མི་རིགས་དག་ལ་ང་ཚོས་གཟུ་བོ་དཔྱོད་ཤེས་ཀྱིས་བློས་མཉམ་འཇོག་ཕྲན་བུ་བྱས་འོངས་ན་ད་གཟོད་ས་ཟད་ན་རྡོ་ལྷང་ལ་བུད་པའི་དཔེ་ལྟར་གསལ་གསལ་ཐིང་ཐིང་དུ་རྟོགས་ཐུབ་པ་ཞིག་རེད།  ཚད་གཞིར་འཇོག་ཐུབ་པའི་མི་གཞི་སྒེར་ཚུགས་ཅན་དང་། དུས་རབས་ཅན། རང་དབང་ཅན། རྣམ་དཔྱོད་ཅན་གྱི་སྤྱི་ཚོགས་སྡེ་ཁག་གང་ཞིག་དང་བཅས་པའི་མིའི་རིགས་འདི་དག་ཐམས་ཅད་ཀྱིས་རང་ཉིད་ངོས་འཛིན་གསལ་རྟོགས་རྨང་གཞིའི་ཐོག་དུས་བསྟུན་བབ་བཅོས་ཀྱིས་དོན་དངོས་དང་དགོས་མཁོ་འདུ་ཤེས་འབྲེལ་བ་དང་བཅས་པ་ཡང་དག་པར་ཁས་བླངས་ཤིང་།  མདོར་ན་མིའི་རིགས་ཀྱི་དྲང་བདེན་འཚོ་གནས་རྩ་དོན་ཡིན་ཕྱིར་དེ་དང་འཚམས་པའི་དགོས་མཁོ་གང་ཞིག་དང་འདོད་འདུན་ཅི་ཞིག་གི་ཕྱིར་དུ་ཐེ་ཚོམ་མེད་པར་མི་གཞིའི་ནུས་པ་དང་འབྱུང་ཁུངས་ཡོད་ཚད་བེད་སྤྱོད་ཀྱིས་མིག་མདུན་གྱི་ད་ལྟ་དང་འབྱུང་འགྱུར་ཕུགས་བསམ་གྱི་ཆེད་དུ་སྙིགས་དོར་བཅུད་དུ་བསྒྱུར་བའི་འཕེལ་ཕྱོགས་ནུས་པ་ཅན་གྱི་བྱ་བ་གཉེར་བས་ད་གཟོད་རང་གཞན་ཀུན་གྱིས་མིག་ལམ་དུ་མཐོང་རྒྱུ་དང་ལག་པས་རེག་རྒྱུ་ཡོད་པའི་དོན་དངོས་གཞི་རྩར་བྱས་པའི་ཚད་མཐོ་བའི་གྲུབ་འབྲས་དང་རང་དབང་གི་གནས་བབ་འདི་མིག་སྔར་བཤམས་པ་རེད།
      འདི་ནས་ནན་བཤད་བྱེད་དགོས་པ་ཞིག་ལ། སྲོལ་རྒྱུན་དང་ཆོས་ལུགས་གཅིག་ཏུ་འབྲེལ་བའི་རྨོངས་པ་ཧོལ་སྤྱོད་ཀྱི་གནས་སྟངས་འགའ་རེ་རང་གིས་བཤད་འདོད་པ་དང་བཤད་ཟིན་པ་གང་ཞིག་ལས་དེ་ལྟར་ངེད་ཅག་བོད་པ་ཚང་གི་འདས་ཟིན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་ད་ལྟའི་གནས་བབ་ཁྲོད་དུ་གནས་དོན་འདི་དག་ཡོད་མེད་དང་། ཡིན་མིན། ལེགས་ཉེས་ཚུལ་གྱི་རིམ་པ་འདི་དག་ངེས་པར་ཡིན་ཅིག་ཡོངས་ཁྱབ་ཀྱིས་ཤེས་ན་བསམ་པའི་དོན་འདི་ཉིད་ཀྱི་ཕྱིར་འབད་པ་ཡོད་རྒུས་བརྩམས་པའི་གནད་འདི་དག་ཇི་ལྟ་དེ་ལྟར་དུ་ངེས་འདྲོངས་གསལ་རྟོགས་ཤིག་ཐུབ་ན་དེས་ཤ་ཁྲག་རུས་གསུམ་གྱི་རྒྱུད་པ་གཅིག་པའི་མི་རིགས་འདི་དང་འདིའི་ད་ལྟའི་ལམ་ལུགས་དང་། འབྱུང་འགྱུར་བཅོས་བསྒྱུར་གྱི་ཁ་ཕྱོགས་ཐད་ཕྲན་བུ་ཕན་ན་སྙམ་པ་ལས་དེ་མིན་ལོག་བཤད་དང་ཉོག་གཏམ། ཚུལ་མིན་གང་དྲན་གྱིས་སྐད་ཆས་རང་གཞན་གྱི་མི་ཚེ་འབུད་རྒྱག་བྱེད་དགོས་པའི་དྲན་ཚུལ་ཞིག་དང་ཧམ་སེམས་ཤིག་གི་དགོས་པ་ལར་ནས་མེད།  དེ་ཡང་བསྐྱར་བརྗོད་ནན་ཏན་གྱི་ཚུལ་དུ་གོ་བདེ་བའི་དཔེ་མཚོན་སྟབས་བདེ་ཞིག་བཀོད་ན། '' དུག་གི་འཕེལ་ཁ་ཤིན་ཏུ་མྱུར་བའི་དུག་སྦྲུལ་ཞིག་གིས་མི་ཞིག་ལ་འདི་ལྟར་གནོད་པ་ཅན་གྱི་སོ་བཏབ་པའི་དབང་དུ་བཏང་ན།  དེ་ལ་དོན་དངོས་དང་མཐུན་ཞིང་ཕན་ནུས་ངེས་ཅན་གྱི་ཐབས་ཤེས་གཅིག་རང་ཡོད་པ་ནི་ལམ་སེང་སྨན་པ་བསྟེན་གཏུགས་ཀྱིས་དུག་འགོག་སྨན་ཁབ་བརྒྱབ་རྒྱུ་དེ་རེད། དེ་ལྟར་བྱས་ཚེ་མི་དེའི་ཚེ་སྲོག་གི་གསོན་ཤུགས་བརྒྱ་ཆའི་བརྒྱད་ཅུར་རེ་བ་ཡོད་ལ།  གལ་ཏེ་དེ་ལས་ལྡོག་སྟེ་ལྷ་སྲུང་གསོལ་མཆོད་དང་སྐྱབས་སྨོན། ལྷ་བླའི་ལུང་བསྟན་ཞུ་གིན་སོགས་ཀྱི་དུས་གྲོན་གཏོ་བཅོས་སྒྲུབ་ཀྱིན་བསྡད་ན་མི་དེའི་ཚེ་སྲོག་གི་གསོན་ཤུགས་ནི་སྔར་གྱི་ག་ཕྱི་ག་ལོག་སྟེ་བརྒྱ་ཆའི་ཉི་ཤུ་མ་གཏོགས་གཏན་ནས་ལྷག་མེད་པ་འདི་རེད།  སྤྱིར་མི་སྡེ་སྤྱི་ཚོགས་སམ་མི་བུ་རེ་རེའི་མཐའ་མེད་པའི་རྣམ་རྟོག་འོག་འགྱུའི་འཕྲོ་འདུ་ཇི་ལྟར་རྒྱ་བསྐྱེད་པའི་དབང་གིས་ནང་གི་བསམ་བློ་དང་ཚོར་ཤེས་རིགས་ལ་དོ་ཕོག་བྱུང་སྟེ་སྐབས་རེ་སེམས་ཁམས་འཁྲུག་པས་རྒྱུན་ལྡན་མིན་པའི་མཐོང་སྣང་རབ་རིབ་འཕྲལ་འཁྲུལ་སྣ་ཚོགས་པ་འབྱུང་ཞིང་། ཕྱིའི་ལུས་ཁམས་ཡང་ནང་གི་ཚོར་ཤེས་འཁྲུག་ལོང་དེ་དག་གིས་རྐྱེན་བྱས་ཏེ་རྩ་གནད་རིགས་དང་ཟུང་ཁྲག་འཁོར་རྒྱུགས་སྙིང་གི་འཕར་རྩའི་ནུས་པ་སོགས་འབྱུང་ཁམས་དོ་སྙོམས་མེད་པར་ནད་རིགས་བསྐྱེད་པ་མཐོང་ཆོས་སུ་ཡོད་པས་དེ་དག་ལ་དེ་བསྟུན་འོས་བབ་ཀྱི་ཆང་ནད་ཆང་གིས་སེལ་བའི་དཔེ་བཞིན་རྣམ་རྟོག་དང་འབྲེལ་བའི་སེམས་ངོ་སྲུང་ཕྱིར་ལྷ་མཆོད་འདྲེ་གསོལ་དང་གཏོ་བཅོས་གང་རིགས་ཀྱིས་ཕན་པ་འབྱུང་བ་ནི་སྨོས་མེད་འོས་སུ་ཆེ་ཡང་དེ་ནི་དོན་ཐོབ་ཀྱི་རྒྱུ་མཚན་རྣལ་མའི་འགྲོ་ལུགས་ཤིག་ལས་དེ་མིན་རྨ་བྱས་དུག་ཟོས་པས་རྐྱེན་དེས་གཟུགས་མཛེས་པ་དང་། གར་ལ་མཁས་པ། སྒྲོ་མདོངས་རབ་ཏུ་རྒྱས་པ་སོགས་ཀྱི་ནུས་པར་བསམས་ཏེ་དེས་གཞན་ལའང་རིགས་འགྲེས་ཕན་ནུས་སྒྲུབ་པར་འདོད་ན་དེ་ནི་ཤིན་ཏུ་ཐ་ཆད་ཀྱི་རྫོབ་ཆེ་བའི་གླེན་རྟགས་ཤིག་ལས་གཞན་གང་ཡང་མིན་ནོ།།
      འདི་ལྟར་རང་གི་ཚོར་སྣང་ཤེས་རིག་སྐྱེན་པ་ལས་བྱུང་བ་བསགས་པའི་དཔྱོད་ཤེས་གནས་ལུགས་ཀྱིས་བརྟོལ་བའི་ངོ་སྤྲོད་བསམ་ཚུལ་འགའ་རེ་རང་གི་རིགས་ལ་ཅུང་ཟད་བཤད་སྙམ་པ་དག་ཕལ་ཆེར་རགས་བསྡུས་ཤིག་འདི་ནས་གྲུབ་ཟིན་པས། ད་སྟེ་མཇུག་བསྡུའི་ཚུལ་དུ་རང་ཡུལ་གྱི་ཕྱི་སྣོད་ཆགས་ཚུལ་གྱི་བཀོད་པ་སྤྱི་དང་། ཁྱད་པར་དུ་ནང་གི་བཅུད་མིའི་རིགས་ཀྱིས་མཚོན་པའི་འགྲོ་བ་སེམས་ཅན་དག་ཇི་ལྟར་བཤད་པ་ནི། སྤྱིར་ཡུལ་འདི་ས་བབ་མཐོ་ལ་མཁའ་རླུང་རྒྱུ་བ་རབ་ཏུ་གཙང་ཞིང་ཤིན་ཏུ་གྲང་བའི་འབྱུང་ཁམས་ཀྱི་ནུས་པའི་གནས་སྟངས་དམིགས་བསལ་ཅན་འདི་འདྲའི་འོག་ཁོར་ཡུག་མང་ཆེ་བ་གཙང་ཞིང་ཉམས་དགའ་བའི་དབེན་པའི་གནས་མཆོག་ལྟ་བུ་སྟེ། དེ་ཡང་སྔོན་ཐོན་ཤར་ཕྱོགས་པ་དང་ནུབ་ཕྱོགས་པའི་ད་ཡོད་ལམ་ལུགས་ཁག་དང་བསྡུར་ན་ཡུལ་འདིར་དེང་རབས་འཕྲུལ་ཆས་ཀྱིས་མཚོན་པའི་ཚད་མཐོའི་རྫས་འཕྲུལ་རིགས་མང་ཆེ་བ་ཐོན་སྐྱེད་དང་བཀོལ་སྤྱོད་ཀྱི་ལམ་ལུགས་མེད་པར་བསམ་སྤྱོད་དང་གནས་སྟངས་གང་ཅིར་གདོད་མའི་སྤྱི་ཚོགས་དེ་ག་རང་དུ་འཕོ་འགྱུར་མེད་པར་སོར་གནས་ལྟ་བུར་ཡོད་ཅིང་། དུས་བཞི་ཕལ་ཆེ་བར་མཐིང་ཞུན་གར་མ་བྱུག་པ་ལྟར་ནམ་མཁའ་ཤིན་ཏུ་སྔོ་ཞིང་དྭངས་ལ་སྤྲིན་དཀར་ཚོམ་བུ་ཚོམ་བུར་ལང་ལོང་དུ་འཁྲིགས་པས་མཛེས་ཤིང་ཡིད་དུ་འོང་བར་མ་ཟད་ཡུལ་གྱི་ས་ཁྱོན་མང་ཆེ་བ་གངས་རི་དང་ནགས་རི། སྤང་རི་དང་བྲག་རི་བཅས་གཡང་གཟར་མཐོ་བརྗིད་རྔམས་པའི་རི་བོའི་ཚོགས་ཀྱི་ཡོངས་སུ་བཟུང་ཞིང་། གངས་རི་ལས་བབས་པའི་ཤིན་ཏུ་བསིལ་ངད་ཅན་གྱི་ཡན་ལག་བརྒྱད་ལྡན་གྱི་དྭངས་གཙང་ཆུ་ཀླུང་གྱ་གྱུའི་བཞུར་རྒྱུན་ཅན་སྣ་ཚོགས་ཀྱི་རིགས་དང་། མཚོ་དང་མཚེའུ་གྲུ་བཞི་དབྱིབས་ཅན་དང་སྒོར་གཟུགས་ཅན་ལ་སོགས་པ་སྔོ་ཞིང་ལྟེམ་མེར་འཁྱིལ་བའི་ཆུ་སྣ་ཤིན་ཏུ་མཛེས་ཤིང་སྣ་ཚོགས་པ་མིག་གི་དཔྱིད་དུ་གྱུར་པ་རི་མོ་ཇི་ལྟར་མཁས་པའི་པིར་རྩེ་ལས་དངོས་སུ་དྲངས་པ་ལྟར་མང་དུ་ཡོད་ལ། རི་བོའི་ལྗོངས་སམ་ཁོར་ར་ཁོར་ཡུག་ཀུན་ཏུ་རྩ་དང་རྩི་ཤིང་དང་མེ་ཏོག་རིགས་ཤིན་ཏུ་སྣ་ཚོགས་པས་ཡོངས་སུ་འཁྲིགས་ཤིང་། སྨན་དང་བཅུད་མཆོག་གི་བྲོ་བ་རབ་ཏུ་ལྡན་པའི་རང་བཞིན་སྐྱེ་དངོས་ཟ་ཚོད་སྔོ་ལྡུམ་གྱི་རིགས་ཤིན་ཏུ་སྣ་ཚོགས་པ་དང་། གཞན་ཡང་དྲི་ངད་ཕྱོགས་མཐར་འཐུལ་བའི་རྩ་ཆེའི་སྐྱེ་དངོས་སྨན་སྣའི་རིགས་དང་། རིན་པོ་ཆེ་ཕ་ལམ་དང་། གསེར་དངུལ་ཟང་ལྕགས་ལ་སོགས་པ་རིགས་མི་འདྲ་བ་སྣ་ཚོགས་ལས་གྲུབ་པའི་གཏེར་ཁ་ཤིན་ཏུ་མང་བར་མ་ཟད། མཐོན་པོའི་རི་ཚོགས་དང་གཤོང་སའི་ཡུལ་གྱི་ལྗོངས་ཐམས་ཅད་དུ་ཞི་བདེ་ལྷིང་འཇགས་སུ་གནས་པའི་རི་དྭགས་དང་བྱ་བྱིའུ་ཆུར་གནས་སྲོག་ཆགས་ཀྱི་རིགས་དང་། གཞན་ཡང་སྒོ་ཕྱུགས་སེམས་ཅན་གྱི་རིགས་ཤིན་ཏུ་སྣ་ཚོགས་པ་སོགས་ཀྱིས་རང་རང་གི་འཚོ་བའི་ཁྱད་ཆོས་སུ་གཞིགས་པའི་གནས་གཞི་རེ་བཟུང་སྟེ་བག་ཡངས་ཀྱི་ཅི་དགར་འཚོ་སྡོད་བྱེད། ཡུལ་འདིའི་སྤྱིའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ལྷག་ཙམ་གྱི་གཞི་ཁྱོན་དུ་དུས་བཞིར་དབྱེ་བ་མེད་པར་ཁ་བ་བུ་ཡུག་འཚུབ་ཅིང་གྲང་ངད་ཤིན་ཏུ་རྒོད་པའི་ས་མཐོའི་བྱང་ཐང་དང་ལྷུན་པོ་རི་བོའི་ཚོགས་ཀྱི་ཡོངས་སུ་བཟུང་བས་སོ་ནམ་ཞིང་ལས་པ་དག་གི་འཚོ་བའི་གཞི་རྟེན་དུ་གྱུར་བའི་ལོ་ཏོག་འདེབས་འཛུགས་ཀྱི་ཞིང་སར་བཀོལ་དུ་རུང་བའི་དུལ་ཞིང་གཤིན་པའི་ས་ཁྱོན་གྱི་གཞི་རྒྱ་དེ་ཙམ་མེད་པའི་ཁར་སྤྱིའི་ས་བབ་ཀྱི་ཚད་གཞི་ཡང་ཤིན་ཏུ་མཐོ་བའི་གནས་སྟངས་ལས་གནམ་གཤིས་གྲང་ཤས་ཆེ་ཞིང་འགྱུར་བ་ཤིན་ཏུ་སྐྱེན་པས་ལོ་ཏོག་སྤྱི་ཡོངས་ཀྱི་སྐྱེ་འཚར་དལ་ཞིང་། སད་སེར་དང་རྩ་ཐན་ལ་སོགས་པའི་ལོ་ཏོག་ལ་མི་འཕྲོད་པའི་རང་བྱུང་གི་འགལ་རྐྱེན་གནོད་འཚེའི་རིགས་ཀྱང་མང་དུ་ཡོད་པས་ཞིང་པ་ངལ་རྩོལ་བའི་ཡོང་འབབ་སྟེ་སྐྱེ་དངོས་ཐོན་འབྲས་སྤྱི་ཡོངས་ཀྱི་ཚད་གཞི་ནི་དམའ་ཙམ་རེད།  གཞན་ཡང་འཚོ་བ་ཕྱུགས་རིགས་གསོ་ཚགས་ཀྱིས་ངལ་རྩོལ་ལམ་ལུགས་ལ་བརྟེན་པའི་འབྲོག་ལས་པ་དག་ལ་མཚོན་ནའང་གནམ་གཤིས་ཀྱི་དྲོ་གྲང་དང་། རྩ་སའི་ཁོར་ཡུག  ས་བབ་ཀྱི་མཐོ་དམན་བཅས་ལ་ལྟོས་ཏེ་ལོ་འཁོར་གཅིག་གི་དུས་ཚིགས་བཞི་པོར་ཕྱུགས་ཟོག་གི་དགོས་མཁོར་གཞིགས་པས་སྤོ་བསྐྱོད་ཡང་ཡང་དགོས་པས་གནས་གཞི་གཅིག་ཏུ་ངེས་པ་མེད་ལ། ནད་རིམས་སྔོན་འགོག་འཚུད་པའི་ཕྱུགས་རིགས་གསོ་ཚགས་ཆེད་ལས་ཀྱི་དགོས་ངེས་མཐུན་རྐྱེན་ཡང་དེ་ཙམ་ཆ་ཚང་བ་མིན་པས་རྒྱུན་པར་གནམ་གཤིས་ཀྱི་ཚབས་ཆེའི་འགྱུར་ལྡོག་དང་། ནད་རིགས་འདྲ་མིན། སྐབས་འགར་རྩ་ཆུ་འདང་ངེས་མཁོ་སྤྲོད་མི་ཐུབ་པ་སོགས་འགལ་རྐྱེན་མང་དག་ཅིག་དང་ཡང་ཡང་གདོང་ལེན་བྱེད་དགོས་པས་འཚོ་ཐབས་དེ་ནི་ཡ་ཡུད་ཆེ་ལ་བསམ་ཞིང་བསམས་ན་དེ་བས་འཇིགས་ཡེར་བ་ཞིག་རེད།  དེ་ལྟར་ཕྱུགས་ལས་ཐོན་ཟོག་གི་ཐོན་འབབ་ཚད་གཞི་སྤྱི་དང་ཕྱོགས་ཡོངས་ཀྱི་མཇུག་འབྲས་གནས་སྟངས་གང་གི་ཐད་ནས་བཤད་ནའང་འོས་ཤིང་འཚམས་པའི་ལྷིང་འཇགས་ཀྱི་འགན་ལེན་འཚོ་ཐབས་ཤིག་མ་ཡིན་པར། དེ་བས་ཉིན་མཚན་དང་དུས་ཚོད་ཀྱི་དབྱེ་བ་མེད་པར་ས་བབ་མཐོ་ལ་དྲག་ཆར་རླུང་འཚུབ་དང་ཁ་བ་བུ་ཡུག་གཅན་གཟན་གྱི་གནོད་འཚེ་སོགས་ཤིན་ཏུ་ཉེན་ཁའི་གནས་བབ་ཀྱི་ཁྲོད་དུ་འབད་བརྩོན་འཐབ་རྩོད་རྒྱུན་མཐུད་ཁོ་ནས་ཉམ་ཆུང་མི་ཕྱུགས་གཉིས་ཀའི་ཚེ་སྲོག་གཟབ་ནན་གྱིས་སྲུང་སྐྱོབ་བྱེད་དགོས་པ་ནི་བཤད་མི་དགོས་པ་རེད།
      ཞིང་འབྲོག་གཉིས་ཀྱི་གཞི་རྩའི་ཕྱོགས་ཡོངས་ཀྱི་ལམ་ལུགས་ཐད་གལ་གནད་ཆེ་བའི་རིགས་ཏེ་ས་ཞིང་འདེབས་བཀོལ་དང་འབྲོག་པ་སྔ་ཕྱི་ཇི་ལྟར་སྐྱས་འདེགས་པ་སོགས་ཀྱིས་མཚོན་གལ་ཆེའི་བྱ་བའི་རིགས་སྒྲུབ་ཕྱོགས་ནི་ཉི་མའི་གྲིབ་ཚོད་དང་། རྒྱུ་སྐར་གྱི་འཆར་ནུབ།  འབུ་སྲིན་གྱི་འགུལ་ཕྱོགས། བྱ་རིགས་ཀྱི་སྐད་སྒྲ། རྩི་ཤིང་གི་སྐྱེ་འཚར་བཅས་ལ་ལྟོས་ཏེ་སྔ་ནུར་ཕྱི་འགྱངས་སོགས་གང་དགོས་གཏན་འབེབས་ཀྱིས་ཐག་གཅོད་བྱེད་ཅིང་གཙོ་བོ་སྔར་བཤད་ཟིན་པ་ལྟར་ཡུལ་འདིར་དེང་དུས་ཀྱི་ཚན་རྩལ་རིག་པའི་ཁྱབ་ཁོངས་ཀྱི་ལམ་ཕྱོགས་དེ་ཙམ་དར་སྲོལ་བྱུང་མེད་པས་ཉམས་མྱོང་ཅན་ཞེས་ཡུལ་གྱི་བགྲེས་སོང་རྒན་རབས་ཚོའི་བཀོད་ཁྱབ་དག་ལ་ཚད་འཛིན་ཐོག་ནམ་ཡང་ཁོང་ཚོས་ཡང་དག་པའི་ཕྱོགས་སུ་འཁྲིད་སྟོན་ཐུབ་པའི་ཡིད་ཆེས་བློས་འགེལ་བྱེད། ལོ་འཁོར་མོ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་པོའི་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་དང་། བཅོ་ལྔ། ཉེར་ལྔ། གནམ་གང་སོགས་ལ་ཚེས་པ་བཟང་ཞིང་དུས་དགེ་བ་ཅན་དུ་བརྩི་བས་དེ་ཉིན་སྡིག་སྡུག་མི་དགེ་བའི་རིགས་ལ་ནན་ཏན་གྱིས་འཛེམས་ཟོན་དང་འགོག་སྡོམ་བག་ཟོན་བྱེད་ཅིང་། རྟེན་མཇལ་སྐྱབས་སྨོན་དང་ཞིང་མཆོག་ལ་བསྙེན་བཀུར་ལྷ་འདྲེ་གསོལ་མཆོད་སོགས་ཀྱིས་མཚོན་འདོད་དོན་དགེ་བ་ཆོས་ཕྱོགས་ཀྱི་རིགས་འབད་པས་དང་དུ་ཡང་དག་པར་བསྟེན་པར་བྱེད་ལ། དེ་ལྟར་སྐྱབས་རྟེན་གསོལ་མཆོད་བྱ་ཡུལ་གྱི་ལྷ་འདྲེ་དེ་ལ་ཡང་ཞི་དྲག་བར་མའི་རྣམ་པ་ཅན་ལ་ངོ་བོ་བྱེད་ལས་མི་འདྲ་བའི་འདོད་ཚུལ་རིགས་མཐའ་ཡས་པ་ཞིག་སྣང་བས་རོབ་རྩིས་བྱས་ན་རྟེན་ལྷ་སྲུང་གི་གྲངས་དང་བསྟེན་བྱ་ཡུལ་འདིའི་མི་འབོར་གཉིས་ཀྱི་གྲངས་ཚད་དེ་ཡང་ཕལ་ཆེར་མང་ཉུང་མཉམ་པར་སྣང་ངོ་།།  །།
      དེ་ལྟར་མཐོང་ཐོས་མྱོང་གསུམ་གྱི་ལམ་ཕྱོགས་འདི་ནས་བརྒྱུད་དེ་སྤེལ་བའི་ཟིན་བྲིས་འདི་ཉིད་བོད་མི་རིགས་ཀྱི་གནས་སྟངས་སྤྱི་དང་། སྒོས་སུ་རང་ཉིད་གང་དུ་སྐྱེས་པའི་ཡུལ་གྱི་འཚོ་བའི་ལམ་ལུགས་རྣམས་རང་གིས་དངོས་སུ་མྱོང་ཞིང་མཐོང་ཐོས་བྱུང་བ་དག་རང་བློ་སྐྱེན་པ་ཚོར་ཤེས་ཀྱིས་དཔྱད་སྟོབས་སྣང་ཚུལ་དང་ལྷན་ཅིག་ཏུ་བསྡེབས་ཏེ་སྙན་ངག་དང་། མཛེས་ཆོས་སོགས་དོན་ལ་མ་བབ་པའི་སྒྲོ་བཏགས་རིགས་གང་ཞིག་གིས་ཅི་ཡང་མ་བསླད་པར་དོན་གྱི་ངོ་བོ་རྗེན་པ་རང་དུ་དེ་དེ་བཞིན་ཁོ་ནར་དྲངས་པ་ལས་བོད་སྔ་མ་ལྟར་སྨོན་འདུན་དང་བསྟོད་ཚོགས་ཁོ་ནས་གཞན་ངོ་བསྲུངས་ཤིང་རང་ཉིད་མཛེས་པར་བྱེད་པའི་མཁས་པའི་ལམ་ལུགས་འདིས་བོད་གངས་ཅན་པའི་སྤྱི་ཚོགས་དང་མི་རིགས་འདིའི་ད་ལྟ་དང་འབྱུང་འགྱུར་གང་ལའང་ཕན་པ་མེད་ཅིང་དེ་བས་ཤིན་ཏུ་གནོད་ཚབས་ཆེ་བར་མཐོང་ནས་རང་བློས་གང་ཟིན་པའི་ལྟ་ཚུལ་རྣམས་ཐད་ཀ་ཐད་ཀར་སྲོང་པོར་བྲིས་པ་ཞིག་ཡིན་པས་གཞན་གྱི་ལུགས་དང་འགལ་ཞིང་སེམས་དང་རྣ་བར་ཕོག་ཐུག་བྱུང་ན། འཇིག་རྟེན་གྱི་སྤྱི་སྐད་དུ། བདེན་དོན་དང་ལྷག་བསམ་ལ་ནམ་ཡང་ཉེས་པ་མེད་ཟེར་བས་གནས་ལུགས་འདི་ངེས་པར་མཁྱེན་པར་འཚལ་ལོ།  །ཞེས་འཕགས་ཡུལ་ལྷོ་མཐའ་ནས་ཡུལ་གྱར་ལྡོམ་པོས་བྲིས།།  །།

0 མཆན།:

Post a Comment