2015-04-03


༄༅།  །ཤ་ཁྲག་རུས་གསུམ་དང་ལས་དབང་ཤིན་ཏུ་བཙན་པོ་ཞིག་མཉམ་འབྲེལ་སྐྱ་འཐབ་པའི་དབང་གིས་སྐྱེ་བ་འདིར་དམ་དུ་སྦྲེལ་ཟིན་པས་མིན་ནམ་གང་ལྟར་རང་ཉིད་ས་ཡུལ་གང་ཞིག་དང་གནས་དུས་ཅི་འདྲ་ཞིག་ཏུ་དུས་བདེ་ཞི་འཇགས་ཀྱི་ངང་དུ་བདེ་བར་འཚོ་ཞིང་། དེ་བས་རང་དང་རང་ཉིད་ཀྱི་ཚེ་འདིའི་འཚོ་གནས་ཀྱི་གཞི་འམ་རྩ་བར་འདོད་པའི་གཙོ་བོ་ལུས་ཕུང་གི་བདེ་ཐང་དང་དགོས་མཁོའི་མཐུན་རྐྱེན་སོགས་གང་དང་གང་ཅིར་དཀའ་ངལ་དང་སེམས་ཚེགས་བྱ་ཡུལ་གྱི་གནས་དོན་ཞིག་ལར་ནས་མེད་ཀྱང་། ནམ་ཡང་གཞར་ཡང་སེམས་ཕུག་གམ་ཞེ་གཏིང་ནས་ཡང་ཡང་ཐོགས་འོངས་ཤིང་སེམས་བསམ་པར་ཡང་ཡང་དྲན་འོངས་པ་ནི་རང་ཉིད་ཀྱི་ངུ་སྐད་ཐོག་མ་གྲགས་ས་དང་ལྟེ་ཁྲག་དྲོན་མོ་འཐོར་སའི་ཕ་ཡུལ་ཏེ་དེང་སང་ཡོངས་གྲགས་ཀྱི་ལམ་ཐིག་གཞིར་བཟུང་གིས་བཤད་སྟངས་ལྟར་ན་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཤར་ཕྱོགས་སུ་སྤྱི་ལེ་དྲུག་ཅུའི་སར་གནས་པའི་མལ་གྲོ་གུང་དཀར་རྫོང་གི་ཁོངས་སུ་གཏོགས་པའི་ཡུལ་ "རྒྱ་མ" ཞེས་པ་འདི་རེད།

སྤྱིར་ཡུལ་འདིར་ཤིན་ཏུ་སྙན་གྲགས་ཅན་གྱི་བོད་ཀྱི་བཙན་པོ་རྣམ་གསུམ་དུ་འབོད་པའི་ཡ་གྱལ་བོད་གངས་ཅན་གྱི་ལྗོངས་འདིར་བསམ་གྱིས་མི་ཁྱབ་པའི་ཆོས་སྲིད་ཀྱི་མཛད་པས་བོད་ཁམས་གཅིག་སྒྱུར་མངའ་ཐང་རྒྱ་བསྐྱེད་ཀྱིས་མཚོན་པའི་ཆོས་ལུགས་དར་སྤེལ་དང་ཁྲིམས་ཡིག་གསར་བཟོ་སོགས་བླ་ན་མེད་པའི་མཛད་པ་བཀའ་དྲིན་མཆོག་ཏུ་ཆེས་ཆེར་བསྐྱངས་པར་མཛད་པའི་གསུམ་གཉིས་དབང་བསྒྱུར་གྱི་༧མི་རྗེ་སྲོང་བཙན་སྒམ་པོ་ཞེས་དོན་དུ་འཕགས་མཆོག་༧སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་འདི་ཉིད་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེས་པའི་གནས་མཆོག་ཡོངས་གྲགས་ལོ་རྒྱུས་སུ་གསལ་བ་ལྟར་རེད། དེ་ཙམ་དུ་མ་ཟད་རང་རེའི་ཕ་མེས་ཡང་མེས་དྲིན་ཅན་པོ་ཚོའི་ཟུང་ཁྲག་དང་གཅིག་ཏུ་འདྲེས་ཤིང་བླ་སྲོག་དང་གཅིག་ཏུ་གྲུབ་པའི་བཀའ་གདམས་ཆོས་བརྒྱུད་ཀྱི་མཁས་པ་དང་གྲུབ་པ་ཐོབ་པའི་རྟོགས་ལྡན་གྱི་བླ་མ་སྐྱེས་ཆེན་དམ་པ་མང་པོ་ཞིག་ཀྱང་ཡུལ་འདིར་སྐུ་འཁྲུངས་ཤིང་བདག་ཉིད་སེམས་དཔའ་ཆེན་པོ་དེ་དག་གིས་རང་ཉིད་ཡལ་བར་དོར་ཞིང་གཞན་དོན་འབའ་ཞིག་པ་ཁོ་ནས་མཁའ་ཁྱབ་སེམས་ཅན་རིས་སུ་མ་མཆིས་པ་གྲངས་མེད་ཅིང་དཔག་ཏུ་མེད་པའི་དོན་དུ་སྐུ་ཚེ་གང་པོར་མཛད་པ་འཕྲིན་ལས་ཤིན་ཏུ་རྒྱ་ཆེ་བའི་རྣམ་ཐར་བསྐྱངས་པ་ནི་འདུས་ཚོགས་ཆོས་སྤྱོད་དགེ་འདུན་པ་སྟོང་ཚོ་བཞུགས་པའི་དགོན་རྙིང་གྲུབ་རྙིང་ཆགས་ཡུལ་གྱི་ས་གནས་ད་ལྟ་མངོན་སུམ་མཐོང་ཆོས་སུ་ཡོད་བཞིན་པ་རྣམས་དང་། བོད་ཀྱི་ཡོངས་ཁྱབ་ཚད་ལྡན་ལོ་རྒྱུས་ཀྱི་ཡིག་འཇོག་རིགས་ལ་བལྟ་ཀློག་དང་མྱོང་རྒྱུས་ཡོད་མཁན་རིགས་དང་། ལྷག་པར་དུ་རང་ཡུལ་རང་མི་ལ་དུངས་ཞེན་བསམ་པའི་ལ་རྒྱ་ཅུང་ཟད་རེ་ལྡན་པའི་མིའི་རིགས་ཀྱི་སྒལ་ཚིགས་ཐོགས་པའི་ཡུལ་འདིའི་ཨ་མའི་གཅེས་ཕྲུག་ཞིག་གིས་ངོས་ནས་བཤད་ན་དོན་འདི་དག་རགས་རིམ་ཆེ་ལོང་ཙམ་ཞིག་ནི་མི་ཤེས་པའི་གནས་མེད་པ་རེད།

དེ་ལྟར་དུ་ང་དང་ཁོང་། ཁྱོད་ཚོ་དང་ང་ཚོ་སྟེ་མདོར་ན་ཕོ་མོ་དང་རྒན་གཞོན། ཤེས་ཡོན་དང་རྒྱུ་འབྱོར། ཐོབ་གོ་དང་གྲལ་རིམ་སོགས་ཀྱི་དབྱེ་བ་མེད་པར་ས་འདི་དང་ཡུལ་འདིར་རང་གི་ལྟེ་ཐག་བཅད་པའི་མི་ཞིག་ཡིན་ཕྱིན་སུ་དང་གང་འདྲ་ཞིག་ཡིན་ཀྱང་འདོད་མི་འདོད་དང་དགའ་མི་དགའི་སྐད་ཆ་ཤོད་དབང་མེད་ལ། ཡིན་མ་ཡིན་དང་རེད་མ་རེད་ཀྱི་རྩོད་པ་ཡང་གཏན་ནས་བྱ་ས་མེད་པར་མཐར་གཏུགས་ནས་བཤད་ན་དམིགས་བསལ་སྤུ་རྩེ་ཙམ་ཡང་འགྲོ་ཁུངས་མེད་པར་གོང་དུ་ངོ་སྤྲོད་བྱས་པའི་ཡུལ་ '' རྒྱ་མ " ཞེས་པ་འདི་ནི་ང་ཚོ་ཚང་མའི་ཐུན་མོང་གི་ཕ་ཡུལ་ཉག་གཅིག་པོ་དེ་ཡིན། མ་ཟད་དོན་དངོས་ཀྱི་གནས་ལུགས་བཙན་པོ་དེ་དག་གིས་དབང་མེད་བརྟོལ་ཚར་དུས་གཡོལ་ནས་འགྲོ་ས་ཞིག་དང་གབ་ནས་སྡོད་ཁུངས་ཤིག་མེད་པ་ནི་ང་ཚོ་ཚང་མའི་སེམས་ཀྱི་ཟབ་སར་ཁྲིགས་ཤིག་གེར་ཡོད་པ་ནི་ནམ་ཡང་སྨོས་མ་དགོས་པ་གཞིར་བཞག་རེད། དེ་འདྲ་ཡིན་དུས་ང་ཚོའི་མེས་པོ་དྲིན་ཆེན་ཚོས་ལོ་ངོ་སྟོང་ཕྲག་ལྷག་ཙམ་རིང་མི་རབས་ནས་མི་རབས་བརྒྱུད་ཤ་ཁྲག་དང་རུས་པའི་འབྲེལ་མཚམས་བར་མ་ཆད་པ་བརྒྱུད་དེ་མིས་སྨོན་རང་སྐྱིད་དུ་བཤད་ཆོག་པའི་ཡུལ་འདི་ཉིད་ཉམ་ཆགས་དང་གོད་ཁ་གང་ཡང་མེད་པར་ང་ཚོའི་མི་རབས་འདིར་བརྒྱུད་སྤྲོད་ཡང་དག་པར་བྱུང་བ་རེད།

སྤྱིར་ཡུལ་ལུང་འདི་ཉིད་ལུགས་མཐུན་ཁྲིམས་ལུགས་ཀྱི་བདག་དབང་དུ་གྱུར་བའི་ས་ཁྱོན་གྱི་གཞི་རྒྱ་ཆེ་ཞིང་ས་བབ་ཀྱི་མཐོ་དམན་དང་གནམ་གཤིས་དྲོ་གྲང་གི་ཚད་གཞི་རན་པར་མ་ཟད་མཉམ་མེད་ཇོ་ཤཱག་རྣམ་གཉིས་བཞུགས་པའི་བོད་ཀྱི་རྒྱལ་ས་ལྷ་ལྡན་ཞིང་ཁམས་དང་འདབ་འབྲེལ་ས་ཁད་ཉེ་ཞིང་། ཡུལ་གྱི་ལྟེ་བ་ནས་རྩིས་པའི་ཤར་ལྷོ་ནུབ་ཕྱོགས་གསུམ་གྱི་ཕྱོགས་མཐའ་ཁག་ཏུ་རི་བོ་མཐོན་པོས་ཡོངས་སུ་བསྐོར་ཞིང་ཕུ་ལ་ཤིང་སྣ་སྣ་ཚོགས་ཤིན་ཏུ་འཛོམས་ཤིང་མོད་ལ། མདའ་དང་བར་ན་གྲོ་ནས་སྲན་མ་སོགས་འབྲུ་རིགས་སྣ་ལྔ་ལེགས་པར་འདེབས་འཛུགས་སུ་རུང་བའི་ས་ཞིང་གཤིན་པོ་ཆེ་ཆུང་སྣ་ཚོགས་པ་མང་ཞིང་། རི་ངོས་དང་ལྗོངས་ཐམས་ཅད་དུ་རྩ་ཆེའི་སྨན་རྩའི་རིགས་དང་། རྒྱུན་ལྡན་ཟས་རིགས་སུ་སྤྱད་ཆོག་པའི་བཅུད་དང་བྲོ་བ་ཆེས་ཆེར་ལྡན་པའི་སྔོ་ལྡུམ་གྱི་རིགས་དང་། ད་དུང་ཤ་མོ་དཀར་སེར་སོགས་ཤིན་ཏུ་སྣ་ཁ་མོད་ཅིང་མང་།

ལྷག་པར་དུ་ལུང་པའི་ཕུ་ནས་དབྱར་དགུན་སྟོན་དཔྱིད་ཀྱི་དབྱེ་མཚམས་མེད་པར་ལུང་པའི་མདའ་རུ་རྒྱུན་མི་ཆད་པར་ཤང་ཤང་དུ་རྒྱུ་བའི་ཤིན་ཏུ་བསིལ་ངད་ལྡན་པའི་དྭངས་གཙང་གི་ཆུ་ཆེན་དང་། དུད་ཁྱིམ་གྲོང་སྡེ་ཆགས་ཡུལ་ཀུན་གྱི་གཡས་གཡོན་གྱི་ཕྱོགས་མཐར་ཕྱུགས་རིགས་འཚོ་ཐབས་ཀྱི་རྟེན་དུ་གྱུར་བའི་རྩྭ་རྭ་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ། རི་བོའི་འདབས་དང་གྲོང་སྡེའི་ཕྱོགས་བཞི་མཚམས་བརྒྱད་དུ་ཕན་ཚུན་ཐགས་སུ་སྦྲེལ་ཅིང་ལྗང་མདོག་གོས་སུ་ཀླུབས་པའི་སྤང་ལྗོངས་གཡུ་ཞུན་བྱུགས་འདྲ་ལྟ་བུ་མང་དུ་ཡོད་ལ། རི་ཚོགས་ཀྱི་ཁོང་སེང་དང་ཁོར་ར་ཁོར་ཡུག་གང་དུའང་ཡུལ་འདིའི་བདག་པོ་མི་ཕྱུགས་སྐྱེ་འགྲོ་ཀུན་ལ་འབྱུང་བའི་གནོད་འཚེ་དང་། ནད་རིགས་ལ་སོགས་པ་མི་ཤིས་པའི་རྐྱེན་དང་གོད་ཆགས་སྣ་ཚོགས་འགོག་སྲུང་ཐུབ་པའི་རྩྭ་རྩི་ཤིང་གི་རིགས་སྣ་ཚོགས་དང་། ས་བཅུད་གཡང་ཆགས་ཀྱི་གཞི་དང་སྣོད་བཅུད་ཀུན་གྱི་རྟེན་དམ་པར་གྱུར་བའི་གསེར་དངུལ་ཟང་ལྕགས་སོགས་ལས་གྲུབ་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་གཏེར་ཁ་མང་ཞིང་། མཚོ་དང་མཚེའུ། བདག་ཏུ་མ་བཟུང་བའི་རི་དྭགས་དང་བྱ་བྱིའུ་སྣ་ཚོགས། ཆུ་ལ་བརྟེན་པའི་ཉ་རིགས་དང་སྲོག་ཆགས་གཞན། གྲགས་ཆེན་གྱི་གནས་རི་དང་སྒྲུབ་ཕུག དགོན་སྡེ་དང་ལྷ་ཁང་། མདོར་ན་མི་ཕྱུགས་སྐྱེ་འགྲོ་ཡུལ་སྡེ་དང་བཅས་པ་ཐམས་ཅད་བག་ཡངས་ཞི་བདེ་ལྷིང་འཇགས་སུ་གནས་པའི་ཉམས་དགའ་ཕུན་སུམ་ཚོགས་པའི་ཡུལ་མཆོག་འདི་འདྲ་ཞིག་ཡུལ་ལྷ་གཞི་བདག་བཀའ་གཉན་ཆོས་སྲུང་འཁོར་དང་བཅས་པས་སྲུང་སྐྱོབ་གཡེལ་མེད་དུ་མཛད་བཞིན་པར་ང་ཚོའི་མི་རབས་འདི་ཉིད་ཀྱི་དུས་སྐབས་བར་དུ་གནས་གནས་པ་དང་། གྲུབ་གྲུབ་པ་ནི་ཡུལ་འདིར་གནས་བཅས་པའི་ལྷ་འདྲེ་ཀུན་དང་ཡུལ་འདིར་སྐྱེས་ཤིང་འཚོ་བའི་གསོན་པོའི་མི་དང་འདས་པོའི་རྣམ་ཤེས་ཡོད་ཚད་ཀྱིས་ཁས་ལེན་མི་བྱེད་ཀ་མེད་རེད།

ལོ་རྒྱུས་རིང་མོའི་རྒྱང་རིང་རླབས་རྒྱུན་གྱི་ཁྲོད་དུ་ང་ཚོའི་དྲིན་ཆེན་གྱི་མེས་པོ་དམ་པ་གོང་མ་རྣམས་ཀྱི་དུས་རབས་རྣམས་སུ་ " རི་རྒྱ་ཀླུང་རྒྱ་བསྡམས་པ་ " ཞེས་པའི་ཡུལ་གྱི་ཁྲིམས་ལུགས་གསལ་ཁ་ཅན་འདི་ཉིད་ལས་གང་ཞིག་རྟོགས་ཐུབ་པ་དང་གང་ཞིག་བསྟན་འོངས་པ་ནི་དོན་ལ་ཡུལ་དེ་དང་དེ་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གནས་དོན་འདི་ཉིད་གལ་ཆེར་ཆེད་དུ་དམིགས་ཏེ་གསལ་ཁ་བཏོད་པའི་ཁྲིམས་སྲོལ་ཡང་དག་པ་ཞིག་རེད། ཁྲིམས་ལུགས་གཏན་འབེབས་ཀྱི་སྒྲིག་སྲོལ་འདིའི་འོག་ཏུ་ཡུལ་མི་སྤྱི་དང་གཞན་མི་རིགས་སུ་འདྲ་ཞིག་གིས་ཀྱང་ཡུལ་གྱི་རི་ཀླུང་ཐང་གསུམ་སོགས་ས་ཡུལ་གང་འདྲ་ཞིག་ནས་རྩྭ་དང་རྩི་ཤིང་ལ་སོགས་པའི་སྐྱེ་དངོས་ཀྱི་རིགས་གང་བྱུང་དུ་གཅོད་བྲེག་གཏན་ནས་མི་ཆོག་པ་དང་། ས་ཡུལ་གང་བྱུང་ནས་ས་རྐོ་རྡོ་སྔོག་རིགས་མི་ཆོག་པ། མཚོ་དང་མཚེའུ་སོགས་ཆུ་བོའི་རིགས་ལ་གནོད་སྐྱོན་དང་སྤང་ལྗོངས་ཀྱི་རིགས་གཏོར་བཤིག་མི་ཆོག་པ། བདག་ཏུ་མ་བཟུང་བའི་རི་དྭགས་ཀྱི་རིགས་གཙོ་བོར་གྱུར་བའི་ཆུ་ནང་གི་ཉ་རིགས་སོགས་སྲོག་ཆགས་ཀྱི་རིགས་གང་བྱུང་བསད་བཟུང་གཏན་ནས་མི་ཆོག་པར་རང་བྱུང་གི་ཁོར་ཡུག་ཀུན་བདག་ཉར་སྲུང་སྐྱོབ་བྱ་རྒྱུའི་གནས་དོན་འདི་ཉིད་གལ་ཆེར་ནན་ཏན་གྱིས་དམིགས་བསལ་མཐོང་ཆེན་བྱེད་པ་རེད། དེར་མ་ཟད་ང་ཚོའི་ཕ་མེས་ཡང་མེས་ཀྱི་ཆོས་ལུགས་ཀྱིས་ཐད་ནས་བཤད་ནའང་དུས་དང་རྣམ་པ་ཀུན་ཏུ་རང་གཞན་སུ་འདྲ་ཞིག་ཡིན་ནའང་ས་ངན་རྐོ་བ་དང་། ཆུ་ངན་རྙོག་པ་དང་། ཤིང་ངན་གཅོད་པ་སོགས་གཏན་ནས་མི་རུང་བར་དེ་དག་རེ་རེ་ནས་ཚེ་སྲོག་དང་འབྲེལ་བ་ཟབ་ཅིང་། རི་མགོའི་ཤིང་ནགས་དང་སྡོད་ཁྱིམ་ཉེ་འཁོར་གྱི་ལྗོན་ཤིང་རིགས་སོགས་གང་བྱུང་དུ་གཅོད་བྲེག་བྱས་ན་ཡུལ་ལྷ་གཞི་བདག་སོགས་ཀྱི་གནོད་ཅིང་འཚེ་ལ། མཚོ་དང་མཚེའུ་སོགས་ཆུ་བོའི་རིགས་ལ་མི་གཙང་བའི་འབག་བཙོག་བཏང་ན་ཀླུ་རིགས་སོགས་ཀྱི་འཁོན་ཐོགས་གནོད་པ་འོང་བར་བཤད་ཅིང་། ད་དུང་རི་དྭགས་ཀྱི་རིགས་ལ་ཡུལ་ལྷ་གཞི་བདག་དང་གནས་སྲུང་ལྷ་འདྲེ་སོགས་ཀྱི་སྒོ་ཕྱུགས་དང་སྒོ་ཁྱི་སོགས་ཀྱི་མིང་གིས་བཏགས་ནས་དེ་དག་ལ་གནོད་འཚེ་དང་བསད་རིགས་བྱུང་ན་ཡུལ་སྡེ་མི་སྡེ་དང་བཅས་པར་མི་འདོད་པའི་རྐྱེན་ངན་མགོ་ཐོག་ཏུ་འོངས་བ་སོགས་གང་ལྟར་ཐབས་དང་བྱེད་ཕྱོགས་གང་གི་ཐད་ནས་ཀྱང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་འདི་དམིགས་སུ་བཀར་ནས་བླང་དོར་བྱེད་ཕྱོགས་མ་ནོར་བར་གལ་ཆེ་ནན་ཏན་དུ་འཛིན་སྐྱོང་དགོས་ཚུལ་ལན་མང་པོར་བསྟན་ཡོད།

ང་ཚོས་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་བལྟས་ཀྱིས་ཕྱོགས་བསྡོམས་བྱས་ཤིང་། ད་ལྟའི་གནས་སྟངས་མངོན་སུམ་མིག་མདུན་དུ་བླངས་པས་ད་གཟོད་འབྱུང་འགྱུར་འཚོ་གནས་ཀྱི་ལམ་བུ་ཡོད་ཚད་ནི་ཤིན་ཏུ་གཉན་འཕྲང་ཅན་ཞིག་དང་ད་ལྟའི་དུས་ཚིགས་འདི་ནི་དེ་བས་ཀྱོག་མཚམས་ཤིག་ཏུ་སླེབས་ཟིན་པའི་དངོས་ཡོད་ཀྱི་རྒྱུ་མཚན་དང་གནས་ལུགས་མང་པོ་ཞིག་གིས་རང་དང་རང་ཉིད་ཀྱི་མིག་སྔར་དབང་མེད་དུ་བརྟོལ་འོངས་དུས་ང་ཚོའི་ནམ་ཞག་གི་ཁ་རྒྱུན་ལྟར་བྱས་ན། མཚམས་འདིར་ཡིན་ཅིག་མིན་ཅིག་གིས་རང་གི་ལག་གཉིས་པོ་རང་གི་བྲང་ཐོག་ཏུ་བཞག་སྟེ་བསམ་བློ་ཡག་པོ་ཞིག་ཐོངས་དང་། འདས་ཟིན་པའི་ལོ་ངོ་སྟོང་ཕྲག་ལྷག་ཙམ་གྱི་རིང་ཕྱི་ཡི་བཙན་འཛུལ་གྱི་དམག་འཁྲུག་དང་། ནང་དམེ་འཐབ་འཁྲུག  རང་འབྱུང་གི་གནོད་འཚེ་སོགས་འགལ་རྐྱེན་ཤིན་ཏུ་སྣ་མང་ཞིག་བརྒྱུད་ཡོད་ཀྱང་ཡུལ་འདིའི་བདག་པོ་ལྷ་མི་ཡོད་ཚད་ཀྱིས་ལྷག་བསམ་རྣམ་པར་དག་པས་དཀའ་ངལ་ཁྲི་མ་འབུམ་ཁྱད་དུ་བསད་དེ་འབད་འབད་དུང་དུང་གིས་ཉིན་མཚན་གཉིས་ཀ་ནས་སྲུང་ཞིང་བསྐྱབས་འོངས་པའི་མཛེས་ཤིང་བལྟ་ན་སྡུག་ལ་ཤིན་ཏུ་ཕུན་སུམ་ཚོགས་པའི་ང་ཚོའི་ཡུལ་འདི་ད་ཆ་ང་ཚོས་མི་རབས་ཕྱི་མའམ་གཉེན་ཉེ་རུས་རྒྱུད་གཅིག་པའི་ཡུལ་འདིའི་འབྱུང་འགྱུར་གྱི་བདག་པོ་ཚ་བོ་ཚ་མོ་རྣམས་ལ་རྩིས་སྤྲོད་ཇི་ལྟར་བྱ་ཚུལ་འདི་རེད། ང་ཚོས་ཧོལ་རྒྱུགས་དང་ལྷོད་གཡེངས་མེད་པར་ཞིབ་འདང་མཉམ་བཞག་གནས་བབ་ཀྱི་ཐོག་ནས་ད་ལྟའི་ཡུལ་སྤྱིའི་གནས་སྟངས་དངོས་དང་སླེབས་ཟིན་པའི་དུས་སྐབས་འདི་འདྲ་ཞིག་ལ་བསམ་གཞིགས་རེ་བྱས་ཙ་ན་དེ་ནི་བློ་ཡུལ་དུ་མ་ཤོང་བའི་ཤིན་ཏུ་ཐབས་སྡུག་པའི་གོད་ཆགས་ལོ་རྒྱུས་ཀྱི་དུས་ཚིགས་གལ་ཆེན་ཞིག་ཏུ་འདི་ལྟར་མིག་གིས་མཐོང་ཆོག་ཆོག་ཅིག་དང་སེམས་ནས་དྲན་ཆོག་ཆོག་ཅིག་རེད།

དུས་ཚིགས་དང་གནས་སྟངས་གང་གི་ཆ་ནས་བློར་མ་ཆུད་པའི་ཉམས་རྒུད་ཀྱི་རྩ་བ་གཏིང་ནས་ཐོན་པ་འདི་ལྟ་བུའི་མཚམས་སུ་སླེབས་དུས་རང་ཉིད་ས་དེ་དང་ཡུལ་དེའི་མིའི་རིགས་ཀྱི་ཤ་ཁྲག་གི་བགོ་སྐལ་ཐོབ། ས་དེ་དང་ཡུལ་དེར་མི་ལོ་བཅོ་བརྒྱད་ཀྱི་རིང་དུ་འཚོ་གནས་བྱས། མི་ལུས་རིན་པོ་ཆེའི་དོན་ལྔ་སྣོད་དྲུག་ཁོག་ནང་དུ་བཅངས། མི་ཟས་ཟོས་ཤིང་མི་ལུས་ཀྱི་གྲལ་དུ་ལོ་ངོ་བཞི་བཅུ་ལྷག་ཙམ་རིང་འཚོ་སྡོད་བྱས་པས་ད་གཟོད་འཛམ་གླིང་ཀུན་ཟེར་ན་ཧམ་བཤད་དུ་འགྲོ་ཡང་། གང་ལྟར་ཡུལ་སྡེ་མི་འདྲ་བ་དང་མི་རིགས་མི་འདྲ་བ་སྣ་ཚོགས་ཤིག་དང་དེ་དང་དེ་དག་གི་འབྲེལ་ཆགས་གནས་ལུགས་ཀྱང་གང་འཚམས་ཤིག་ནི་མཐོང་ཞིང་ཐོས། བླང་དོར་གནས་ལུགས་ཕྲན་བུ་རེ་ཡང་ཤེས། ཚུལ་དེ་དང་དེ་འདྲའི་དབང་ལས་རང་ཉིད་ཀྱིས་ནམ་ཡང་འགན་འཁུར་ཏེ་བཤད་བསམ་པ་དང་བཤད་ཆོག་པ་ནི། མི་ལོ་སྟོང་ཕྲག་ལྷག་འདས་པའི་ལོ་རྒྱུས་ཀྱི་གསལ་བཤད་མཐར་ཕྱིན་པར་བྱས་པའི་མཚམས་ཀྱི་དེ་རིང་དུས་ཀྱི་ཡུལ་འདིའི་བདག་པོ་ང་དང་ང་ཚོ། ད་དུང་ཁོང་དང་ཁོང་ཚོ་སྟེ་ཡོད་ཚད་ཐམས་ཅད་ཀྱི་དབང་པོའི་མིག་ཡོད་ཚད་ཞར་བར་གྱུར་ཅིང་། དབང་པོའི་རྣ་ཅོག་ཡོད་ཚད་ཀྱང་འོན་སོང་ལ། དེ་བས་ཤིན་ཏུ་ཚབས་ཆེ་བ་ཞིག་ནི་ང་དང་ང་ཚོ། ཁོང་དང་ཁོང་ཚོ་ལ་སོགས་པའི་ཡུལ་འདིའི་ལྷ་འདྲེ་མི་རིགས་དང་བཅས་པ་ཡོད་ཚད་ཐམས་ཅད་ཀྱི་སེམས་དང་བསམ་པ། དྲན་ཤེས་དང་ཚོར་སྣང་། འདུ་ཤེས་དང་བློ་རིག་ཡོད་ཚད་འདི་ལྟར་མཐོང་གིན་རིག་གིན་དུ་ལྐུགས་པ་ལྐུགས་རྐྱང་དུ་གྱུར་སོང་ལ། དེ་བས་ཀྱང་བློ་ཡུལ་ལས་འདས་པ་ཞིག་ནི་གལ་དང་དགོས་སར་སླེབས་དུས་ཏག་ཏག་འགན་འཁུར་འདུ་ཤེས་ཀྱིས་སྟོང་པའི་ཡ་ཁོག་ན་གསོན་སྙིང་གི་འཕར་སྒྲ་འཇགས་པའི་ཉམ་ཆུང་ནུས་མེད་ཀྱི་ཤི་མིན་རོ་ཁོག་འདི་ལྟ་བུར་གྱུར་སོང་བས། ད་གཟོད་ཡུལ་འདིའི་ལྷ་འདྲེ་ལྷ་འདྲེའི་གྲལ་ནས་རང་བཞིན་ངང་གིས་བུད་སོང་ལ། ང་དང་ང་ཚོ་ཡང་མི་སྙིང་ཁོག་ཏུ་བཅུག་ཅིང་རིགས་རྒྱུད་ཀྱི་ཟུང་ཁྲག་དྲོན་མོ་རྩ་ལམ་དུ་རྒྱུ་བའི་ཡུལ་འདིའི་མི་གྲལ་གྱི་ཐོབ་ཐང་ནས་ཡིན་མིན་གྱི་སྐད་ཆ་ཙམ་ཡང་བཤད་དབང་མེད་པར་ལོ་རྒྱུས་ཉེས་ཅན་པའི་ནག་ཉེས་ལྗིད་ཐག་ཆོད་རེ་རེ་འཁུར་ཏེ་གཙང་ཧྲིལ་ལེར་བུད་སོང་བའི་ཡ་ང་དགོས་པའི་གནས་སྟངས་མངོན་སུམ་མཐོང་ཆོས་སུ་གྱུར་དང་འགྱུར་བཞིན་པ་འདི་རེད།

ང་ཚོས་མཐོང་གིན་རིག་གིན་དུ་འབྱུང་འགྱུར་གྱི་ཡུལ་འདིའི་བདག་པོ་མི་རབས་ཕྱི་མ་རྣམས་ལ་ནང་སྙིང་ཡོད་ཚད་ཁོག་ནས་བྲུས་པའི་རི་བོ་ཐལ་འཚུབ་ཤིག་ཤིག་ནག་ཉིལ་ཉིལ་འགའ་ཤས་ཤིག་དང་། རྩི་ཤིང་གི་རིགས་ཡོད་ཚད་རྩ་བ་ས་འོག་ནས་སྟོང་པའི་རི་ལྗོངས་སྐྱ་ཐེར་ཐེར་གྱི་མགོ་སྦྲེལ་འགའ། རི་ཀླུང་ཐང་གསུམ་སོགས་ས་ཡུལ་ཁོར་ཡུག་ཀུན་ཏུ་རྫས་ངན་དང་དུག་རླངས་ཀྱིས་ཁྱབ་པའི་ཤིན་ཏུ་མི་གཙང་བའི་ལུང་པ་གོག་ཏོ་ཞིག  གཤིན་པོའི་ལུས་སྟེང་དུ་སྟོབས་ལྡན་གྱིས་ཁྲམ་བརྒྱབ་པ་ལྟ་བུའི་རི་བོའི་ཕྱི་ལྗོངས་ཡོད་ཚད་ཡར་གཤགས་མར་གཤགས་དང་ཕར་བསྔོགས་ཚུར་བསྔོགས་ཀྱིས་དམག་ཆེན་གཉིས་པའི་གཡུལ་ས་ངོ་མ་ཞིག  སྐམ་ལ་ཉེ་ཞིང་ཡལ་འགྲོ་གྲབས་ཡོད་པའི་དུག་ཤས་ཅན་གྱི་མི་ཕྱུགས་སྲོག་ཆགས་ཀུན་གྱི་སྤྱོད་ཡུལ་དུ་མེད་པའི་ཆུ་རྙོག་འགའ།  མདོར་ན་རྫས་ངན་དང་དུག་རླངས་སོགས་ཀྱི་ནུས་པས་རྩྭ་དང་རྩི་ཤིང་། ཆུ་བོ་དང་མཁའ་རླུང་། རི་ཚོགས་ས་གཞི་དང་བཅས་པའི་ཁོར་ཡུག་ཡོད་ཚད་འབག་བཙོག་གིས་ཤིན་ཏུ་ཚབས་ཆེའི་སྐྱོན་གྱི་བསླད་པ་ཞུགས་པས་བདག་པོས་བཟུང་བའི་སྒོ་ཕྱུགས་ཀྱི་རིགས་དང་། བདག་མེད་ཉམ་ཆུང་རི་དྭགས་ཀྱི་རིགས། ས་འོག་ས་སྟེང་དུ་གནས་པའི་འབུ་སྲིན་གྱི་རིགས། ནམ་མཁར་འཕུར་བའི་བྱ། ཆུ་ནང་དུ་འཚོ་བའི་ཉ་རིགས་སོགས་བྱས་ཉེས་ཏིལ་འབྲུ་ཙམ་ཡང་མེད་པའི་ཡ་ང་སྙིང་རྗེ་བའི་ཉམ་ཆུང་གླེན་ལྐུགས་ཀྱི་སེམས་ཅན་འདི་དག་ཐམས་ཅད་ཁོར་ཡུག་མི་གཙང་བ་འདིས་བསྐྱེད་པའི་ནད་རིགས་འདྲ་མིན་སྣ་ཚོགས་ཀྱིས་སྡུག་བསྔལ་མི་བཟད་པ་ཉམས་སུ་མྱོང་བཞིན་པར་ཉིན་རེ་ཉིན་རེར་ཤི་ཚད་ཀྱི་གྲངས་འབོར་ཡང་ཇེ་མང་ནས་ཇེ་མང་དུ་གྱུར་བས་སྙིང་རྗེ་ཞིང་སེམས་སྐྱོ་བའི་གནས་སྟངས་མཐོང་ཆོས་སུ་གྱུར།

གཏེར་འདོན་པའི་མི་འབོར་ཕོན་ཆེ་གཏན་སྡོད་དང་རྫས་ངན་འཕྲུལ་རིགས་འབོར་ཆེན་བེད་སྤྱོད་དང་ཆབས་ཅིག་ཏུ་ཁོར་ཡུག་ཡོད་ཚད་ཧ་ཅང་ཉམས་དམས་ཚབས་ཆེར་གྱུར་བའི་ཤུགས་རྐྱེན་ལས་ཐབས་དང་དྲན་རྒྱུ་ཤིན་ཏུ་རྒོད་པའི་བཙན་པོ་དབང་ཤུགས་ཅན་གྱི་མིའི་རིགས་ལའང་ནད་རིགས་འདྲ་མིན་རྨང་གཞིར་བྱས་པའི་གློ་བུར་གྱི་གོད་ཆགས་ཡང་ཡང་དུ་འབྱུང་། ལྷག་དོན་ཡུལ་འདིའི་ནང་སྙིང་གི་སྲོག་དང་བཅུད་དུ་གྱུར་ཅིང་དོན་ལྔ་སྣོད་དྲུག་ལྟ་བུའི་གཏེར་རྫས་རིན་པོ་ཆེའི་རིགས་ཡོད་ཚད་ལྷག་མེད་དུ་བཏོན་ཅིང་། རྩྭ་དང་རྩི་ཤིང་ཡོད་ཚད་ཀྱི་རྩ་བ་རྨང་ནས་བཅད། སྤང་ལྗོངས་དང་རྩྭ་རྭ་ས་རྒོད་བསློགས་ཏེ་བྱེ་ཐང་ཅན་དུ་བསྒྱུར། རྫས་རིགས་གང་བྱུང་དང་ས་སྣུམ་གྱི་རིགས་ཕོན་ཆེ་བེད་སྤྱོད་བོར་གཏོར་དང་། འགྱིག་ཆས་ལ་སོགས་པའི་གད་སྙིགས་སྣ་ཚོགས་པས་གང་སར་ཁྱབ། གཏེར་རྫས་སྔོག་འདོན་དང་གས་གཏོར་ཆེད་སྤྱོད་ཀྱི་རྫས་མདེལ་དང་འཁྲུལ་འཁོར་སྣ་ཚོགས་པའི་ལྡིར་སྒྲས་ཁྱབ། འདི་ལྟར་ཁོར་ཡུག་ཡོད་ཚད་ཟང་ཟིང་ལང་ལོང་དང་རྩ་བ་གཏིང་ནས་རྙོག་པའི་ཤིན་ཏུ་འབག་བཙོག་དང་ཚབས་ཆེའི་གཏོར་བརླགས་ཀྱིས་ཡུལ་འདི་རིམ་བཞིན་ཉམས་ཞན་ཉམས་རྒུད་དུ་གྱུར་བས་ཆོས་ཕྱོགས་ནས་བཤད་ན་ཡུལ་སྲུང་བའི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གནས་བདག་ཡོད་ཚད་ཡུལ་གཞན་དུ་གྱར་ཞིང་འཁུ་ལྡོག་གིས་རྣམ་པས་གློ་བུར་གློ་བུར་དུ་རི་ལྗོངས་དང་མཐོ་ས་མཐོང་ས་གང་བྱུང་ནས་ས་རུད་དང་། སྤང་བརྡོལ། ཤ་འོད། ས་ཡོམ་གྱི་རིགས་སོགས་འབྱུང་བའི་གནོད་པ་ཤས་ཆེ་ཞིང་། སྔོན་ཆད་བྱུང་མ་མྱོང་བའི་སྨན་དང་ཐབས་ཀྱིས་གསོ་བཅོས་དཀའ་བའི་ནད་རིགས་འདྲ་མིན་སྣ་ཚོགས་པ་འབྱུང་ཞིང་། ལྷག་དོན་ནད་ཡམས་ཀྱི་རིགས་དེ་བས་མང་དུ་བསྐྱེད་པ་སོགས་མི་འདོད་རྐྱེན་ངན་བར་གཅོད་ཀྱིས་རྒྱུན་མི་ཆད།

དུས་དེ་དང་སྐབས་དེ་དུས་ས་དེ་དང་ཡུལ་དེར་དཀར་ཕྱོགས་ཀྱི་རིགས་སུ་གཏོགས་པའི་མགོན་སྐྱབས་དང་སྡོང་གྲོགས་བྱེད་པའི་བསྟེན་པའི་ལྷ་མེད། གསོལ་བའི་འདྲེ་མེད། སྨན་དང་རྫས་ཀྱི་ནུས་པ་ཉམས། ས་བཅུད་དང་ཆུ་བཅུད་རྩི་བཅུད་ལ་སོགས་པའི་མཁོ་རྒུ་བཅུད་ཀྱི་ནུས་པའི་རིགས་མཐའ་དག་རང་ཡལ་རྩ་སྟོང་དུ་འགྲོ། ནག་ཕྱོགས་སུ་གྱུར་བའི་འདྲེ་སྲིན་བདུད་རིགས་ཀྱི་ཁ་དར་ཞིང་མཐུ་སྟོབས་དང་ནུས་པ་ཇེ་ཆེར་འགྲོ་བས་རྟེན་སྣོད་ཀྱི་ཡུལ་དང་བརྟེན་པ་བཅུད་ཀྱི་སྐྱེ་འགྲོ་མཐའ་དག་ལ་བདེ་འཇགས་དང་སྐྱིད་པའི་ཉི་མ་འཆར་བར་དཀའ། སྔར་ཡུལ་འདིར་ཕུན་སུམ་ཚོགས་པའི་རི་སྐྱེས་རྩི་ཤིང་སྣ་ཚོགས་པའི་མེ་ཏོག་དང་། སྤང་ལྗོངས་གང་སར་ཁྲ་ཆིལ་དུ་བཞད་པའི་མེ་ཏོག  སྨན་རྩྭ་འདྲ་མིན་སྣ་ཚོགས་ལ་སོགས་པའི་རང་བྱུང་སྐྱེ་དངོས་རིགས་ཀྱི་མཛེས་སྡུག་ཡིད་དུ་འོངས་ཤིང་དྲི་ཞིམ་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་མ་ཟད་ད་དུང་བྱ་བྱིའུ་ཤིན་ཏུ་སྣ་ཚོགས་པའི་སྐད་སྙན་ཞིང་། རི་ཀླུང་ཀུན་ཏུ་ཁྱབ་པའི་ནོར་གནག་དང་གཡང་དཀར་ལུག་ཁྱུའི་འབའ་སྒྲ། བསིལ་ངད་དྭངས་གཙང་དུ་རྒྱུ་བའི་ཤང་ཤང་གི་ཆུ་སྒྲ། སྔོ་ཞིང་དྭངས་པའི་ནམ་མཁའ་དང་སྤྲིན་དཀར་གྱི་ཚོམ་བུ། ཞི་བདེ་ལྷིང་འཇགས་ཀྱི་རི་ཀླུང་ས་གཞི་སོགས་དེ་དང་དེ་ལ་སོགས་པའི་སྣོད་བཅུད་ཀྱི་རིན་ཐང་ཡོད་ཚད་རྨི་ལམ་ཁོ་ནར་མཐོང་དུས་ཤིག་འོང་།

ད་དུང་ཡོང་གྲགས་ཚན་རིག་པས་གཅིག་གྱུར་ཕྱོགས་བསྡོམས་ཀྱིས་དངོས་སུ་ར་འཕྲོད་བྱས་པའི་གསལ་བསྒྲགས་ཏེ། རྫས་ངན་དུག་རྫས་ཀྱི་ཁོར་ཡུག་འབག་བཙོག་ཤུགས་ཆེར་གྱུར་ལ། ས་མཁྲེགས་ཀྱི་རི་བོ་བཅད་བཏུབ་ཀྱིས་ཁོག་པ་གཤགས་ཤིང་། རྩྭ་དང་རྩི་ཤིང་ཡོད་ཚད་རྩ་བ་ནས་བཀོག རྩྭ་ས་དང་སྤང་ལྗོངས་གང་སར་བཅད་གཏུབ་དང་སྔོག་འདོན་གཏོར་བཤིགས་ཀྱིས་ཐལ་འཚུབ་ཆེ་བའི་བྱེ་ཐང་ཅན་དུ་བསྒྱུར། བདག་མེད་རི་དྭགས་སེམས་ཅན་རིགས་དང་བྱ་བྱིའུ་རིགས་རྩ་འཐོར་དུ་ཕྱིན། བཟོ་གྲྭ་གསར་རྒྱག་དང་འཕྲུལ་ཆས་རིགས་མང་དུ་རྒྱ་བསྐྱེད་བེད་སྤྱོད་བྱས་པ་སོགས་ཀྱིས་ཁོར་ཡུག་གཏོར་བཤིགས་ཚབས་ཆེན་ཕོག་པའི་ཡུལ་དེ་དང་དེ་འདྲར་གློ་བུར་ཐོབ་རྒྱག་ཏུ་ས་རུད་དང་ཆུ་ལོག་གི་གནོད་འཚེའི་རིགས་མང་དུ་འབྱུང་ཞིང་། དབྱར་དུས་སུ་ཆར་ཆུ་འབྱུང་བ་དཀོན་ལ་གལ་ཏེ་ཕྲན་བུ་རེ་བབས་པ་ནའང་དེ་འཕྲལ་ཆུ་ལོག་ཏུ་གྱུར་བས་མི་ཕྱུགས་ཁང་ཁྱིམ་ས་ཞིང་དང་བཅས་པར་གོད་ཆགས་ཤིན་ཏུ་ཆེ།  ནད་ཡམས་ཀྱི་རིགས་མང་དུ་འཕེལ་ཞིང་དུས་བཞི་གནམ་གཤིས་ཀྱི་འགྱུར་ལྡོག་ཧ་ཅང་ཚད་མཐོར་འགྲོ།  རྫས་ངན་སྣ་ཚོགས་པའི་འབག་བཙོག་གིས་ཡུལ་ཁྱབ་ཅིང་རྒྱུན་སྤྱོད་ཟས་རིགས་ཐོན་ཁུངས་སོགས་ལ་བརྟེན་པས་ལུས་སེམས་ལ་གནོད་པ་ཚབས་ཆེ་མང་། ཁྱད་པར་དུ་ཁོར་ཡུག་གི་ཉམས་ཆགས་དང་ཟས་སྤྱོད་འབག་བཙོག་ཆེ་བའི་ཤུགས་རྐྱེན་ངན་རྒུ་སྣ་ཚོགས་པས་མི་ཕྱུགས་གཙོ་བོར་གྱུར་བའི་མངལ་གནས་སེམས་ཅན་རིགས་ལ་དེ་བས་གནོད་སྐྱོན་དོ་ཕོག་ཚབས་ཆེར་འགྲོ་བས་སྐྱེས་ཟིན་པའི་འོག་ཏུ་སེམས་དང་དབང་པོ་བདེ་ཐང་མིན་པ་དང་། ཡན་ལག་དང་ཉིང་ལག་མ་ཚང་ཞིང་གལ་ཏེ་ཚང་བའི་རིགས་ལའང་ལྷག་མའི་སྐྱོན་ཅན་དུ་འགྱུར་བ་སོགས་ཤིན་ཏུ་ཚབས་ཆེའི་གནོད་འཚེ་རིམ་པ་འདི་དག་ཕོག་རྒྱུར་གཏན་འཁེལ་ཡོངས་གྲགས་སུ་གྱུར་བས་དེས་ན་ང་ཚོའི་ཡུལ་འདི་དང་མི་རབས་འདི་དང་ཕྱི་མ་དག་གི་ས་ཐོག་མགོ་ཐོག་ཏུ་རྐྱེན་ངན་གྱི་རིམ་པ་དེ་དག་སྔ་གཞུག་ཙམ་གྱི་ཁྱད་པར་ཙམ་ལས་དོན་དངོས་སུ་ལྷུང་རྒྱུ་ཡིན་པ་ནི་གཏན་འཁེལ་ཏེ་བཤད་ཆོག་པ་རེད།

དེ་བས་ཀྱང་གོང་དུ་བཤད་པའི་གནོད་འཚེ་རིམ་པ་དེ་དག་ཕོག་ཡུལ་གྱི་ཁྱབ་ཁོངས་ཐད་ནས་བཤད་ནའང་ངེད་ཅག་གི་ཡུལ་ལུང་གཅིག་པུ་དེའི་ས་ཁོངས་ཀྱི་རྒྱ་ཁྱོན་ཙམ་དང་། ཡུལ་དེ་དང་དེར་གཏོགས་པའི་མི་ཕྱུགས་སྲོག་ཆགས་ཀྱི་གྲངས་འབོར་དེ་ཙམ་ཁོ་ནའི་བདེ་སྐྱིད་བཅོམ་བརླག་ཏུ་གྱུར་བའི་གནས་སྟངས་འདི་གཅིག་པུའི་སྐད་ཆ་མིན་པར། ཡུལ་འདི་དང་འདི་ནས་ཐོན་པའི་གཏོར་བཤིགས་རྐྱེན་ངན་གྱི་འབག་བཙོག་ཡོད་ཚད་དག་རྒྱུན་ལྡན་རླུང་ཡན་དང་ས་རྡུལ་འཚུབ་མས་ཆུ་གཞུང་དུ་བཏབ་ཅིང་ཉེ་འཁོར་གྱི་ཡུལ་ལུང་མང་པོར་ཁྱབ་བརྡལ་དུ་འགྲོ་བར་མ་ཟད་དབྱར་དུས་ཆར་ཆུ་དང་འགྲོགས་ཏེ་རི་ཀླུང་ཐམས་ཅད་དུ་ཁྱབ་པའི་རྫས་ངན་གྱི་རིགས་དང་འབག་བཙོག་བསླད་སྐྱོན་གྱིས་ཚེ་སྲོག་འཕྲོག་པའི་སྲོག་ཆགས་མཐའ་དག་གི་ཤ་ཁྲག་སོགས་མི་གཙང་བ་དེ་དག་ཐམས་ཅད་ཡུལ་འདིའི་ཆུ་བོ་བརྒྱུད་རྒྱུན་ཆད་མེད་པར་དུས་བཞིར་རྒྱུགས་བཞིན་པའི་ལུང་མདོའི་གཙང་ཆུ་དེ་དག་དང་འདྲེས་འགྲོ་བས་གཙང་ཆུ་དེ་ཡང་དེ་ལྟར་རང་བཞིན་གྱིས་འབག་བཙོག་བསླད་པ་ཅན་དུ་འགྱུར་འགྲོ། དེས་ན་གཙང་ཆུ་དེ་དག་དང་འབྲེལ་ཆགས་ཀྱི་ཡུལ་སྡེའི་མང་ཉུང་དང་རྒྱ་ཁྱོན། ཡུལ་སྡེ་དེ་དང་དེ་དག་ལ་བརྟེན་པའི་མི་ཕྱུགས་སྲོག་ཆགས་ཀྱི་ཁ་གྲངས་མང་ཉུང་ཇི་འདྲ་ཞིག་ཡིན་པ་ནི་ང་ཚོས་གསལ་པོར་རྟོགས་ཐུབ་པ་ཞིག་རེད། དེ་ལྟར་ཤིན་ཏུ་ཉེན་ཚབས་ཅན་གྱི་འབྱུང་རྐྱེན་འདིའི་གཞི་རྩ་གང་ཞིག་ལ་ཐུག་ཡོད་པ་དང་དེས་འབྱུང་འགྱུར་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཚབས་ཆེན་མང་པོ་གང་འདྲ་ཞིག་ཡོང་གི་ཡོད་མིན་ནི་སྐྱབས་འགྲོ་སེམས་བསྐྱེད་ཁས་བླངས་པའི་ཆོས་དད་པའི་མི་རིགས་ཤིག་དང་། རྒྱལ་ཁབ་འདི་དང་འདིའི་གཞི་རྩའི་ལམ་ཕྱོགས་སུ་འདོད་ཅིང་ཡོད་ཚད་ཀྱིས་ཁ་ནས་རླུང་ལྟར་གྲགས་པའི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་དར་སྤེལ་བྱེད་མཁན་གྱི་སྤྱི་ཚོགས་རིང་ལུགས་པ་ཞིག་གི་ངོས་ནས་བཤད་ན་ནམ་ཡང་བསམ་མི་ཕོད་པ་དང་བཤད་མི་ཤེས་པ་ཞིག་རེད།

ད་དུང་ཚན་རིག་པའི་ཕྱོགས་བསྡོམས་ལྟར་ན་གཏེར་ཁ་སྔོག་འདོན་གྱི་ཆེད་སྤྱོད་དུག་རྫས་རིགས་གཙོ་བོར་གྱུར་བའི་སྔོག་འདོན་འཕྲུལ་ཆས་དང་། རྒྱུ་ཆ་འདམ་གསེས་ཀྱི་འཕྲུལ་འཁོར། ལས་སྣོན་འཕྲུལ་འཁོར། འདམ་གསེས་དང་ལས་སྣོན་བྱས་མ་བྱས་ཀྱི་རྒྱུ་ཆ་དབོར་འདྲེན་བྱེད་པའི་འཕྲུལ་རིགས། གཞན་ཡང་གཏེར་འདོན་གྱི་ལས་འཆར་དུ་དམིགས་པའི་བཟོ་གྲྭ་རྒྱ་ཆེ་འཛུགས་སྐྲུན། རི་ཀླུང་གི་ཕྱོགས་གང་སར་བསྔོག་འདོན་གཏོར་བཅོམ་དང་བཅད་གཏུབ་བཤིག་རལ་གྱིས་མི་འབོར་ཡང་མང་པོ་འཕར་སྣོན་བྱུང་བ་སོགས་ཀྱི་ས་ཡུལ་འབྱུང་ཁམས་ཀུན་ལ་ཉམས་བརླག་དོ་ཕོག་ཚབས་ཆེན་བྱུང་སྟེ་ཡུལ་གྱི་གནམ་གཤིས་ཀྱི་གྲང་ཚད་དང་དྲོད་ཚད་གཉིས་ཆར་གློ་བུར་དུ་ཚད་མཐོར་འཕེལ་ཞིང་། རི་ཀླུང་ས་ཞིང་དང་བཅས་པ་ཐམས་ཅད་ཀྱི་ས་རྒྱུར་འབག་བཙོག་གཏོར་བཤིགས་ཀྱིས་གནོད་སྐྱོན་ཚབས་ཆེ་ཞུགས་ཤིང་། འབག་བཙོག་ཏུ་གྱུར་བའི་དབྱར་དུས་ཀྱི་ཆར་ཆུ་དང་རྒྱུན་སྤྱོད་ཆུ་རིགས་ཞིང་ནང་དུ་འདྲེན་གཏོང་བྱས་པས་རྨང་གཞིའི་ས་རྒྱུར་དེ་བས་འབག་བཙོག་བསླད་སྐྱོན་ཆེས་ཆེར་ཞུགས་ཏེ་ལོ་ཏོག་སྐྱེ་འཚར་ཐད་ཤིན་ཏུ་གནོད་ཚབས་ཆེ་ཁར། གློ་བུར་གློ་བུར་དུ་ལོ་ཏོག་སྐམ་རྙིད་ཅན་དུ་འགྱུར་ཞིང་ད་དུང་སྙེ་མ་དང་འབྲས་བུའི་རིགས་མི་འབྱུང་བའམ་ཡོད་ཀྱང་ཐོན་འབབ་ཉུང་། སྤྱིར་ལོ་ཏོག་གི་རིགས་དང་ཁྱད་པར་དུ་རྩྭ་རྩི་ཤིང་གི་སྐྱེ་དངོས་རིགས་ལ་ཤིན་ཏུ་གནོད་ཚབས་ཅན་གྱི་འབུ་ཕྲའི་རིགས་མང་དུ་སྐྱེ་འཕེལ་འབྱུང་། སྲོག་ལྡན་གྱི་མི་ཕྱུགས་སྐྱེ་འགྲོ་ཀུན་དང་སྲོག་མེད་རྩྭ་དང་རྩི་ཤིང་གི་སྐྱེ་དངོས་རིགས་མཐའ་དག་ལ་གནོད་འཚེ་ཅན་གྱི་ནད་རིགས་སྣ་ཚོགས་པ་གློ་བུར་གློ་བུར་དུ་མང་དུ་བསྐྱེད་པ་འོངས། མ་ཟད་འདི་འདྲའི་ཡུལ་ནས་ལུས་ངལ་སེམས་དུབ་ཀྱིས་རྔུལ་ཆུས་ཐོན་བསྐྱེད་བྱས་པའི་བཟའ་འབྲུ་དང་ཚལ་རིགས། གཞན་ཡང་རང་བྱུང་གི་ཟ་ཚོད་སྔོ་ལྡུམ་སོགས་བཟའ་ཆས་རིགས་གང་དང་གང་ལའང་རྫས་ངན་དང་འབུ་ཕྲའི་གནོད་པ་ཤས་ཆེར་ཞུགས་པས། ཟས་རིགས་དེ་དག་ལ་ལོངས་སྤྱོད་པ་པོའི་མིའི་རིགས་ཀྱི་ཚེ་སྲོག་ལ་གནོད་ཚབས་ཤིན་ཏུ་ཆེ་བར་མ་ཟད་རྒྱུན་ལྡན་དུ་ནད་རིགས་སྣ་མང་ཡང་ཡང་དུ་བསྐྱེད་པར་བྱེད་པས་དེས་རང་གཞན་ཀུན་པོར་ལུས་གདུངས་སེམས་ངལ་འབྱུང་བ་སྨོས་མེད་ཁར་བདེ་ཐང་སྨན་བཅོས་ཀྱི་ཕྱིར་དུ་རང་གཞན་འབྲེལ་ཆགས་མང་པོའི་དུས་ཚོད་དང་འགྲོ་གྲོན་འཕར་མ་ཕོན་ཆེ་རྒྱུན་དུ་ཡང་ཡང་ཆུད་ཟོས་སུ་འགྲོ།

དེ་ལྟར་གནས་ལུགས་འདི་དང་འདི་དག་ངེས་པར་དུ་ནན་ཏན་བྱས་ཏེ་གསལ་པོར་བཤད་དགོས་པས་རེ་རེའི་རྣ་ཅོག་ལ་སྙན་འཇེབ་བྱུང་ཡོད་མེད་དང་རེ་རེའི་བསམ་ཐོག་འདོད་ཐོག་ཏུ་འབབ་མིན་མཇུག་བསྡོམས་སྔ་ནུར་གྱིས་བཤད་ཚོད་བསམ་ཚོད་དཀའ་ཡང་གང་ལྟར་གོང་དུ་ཇི་ཙམ་བཤད་ཟིན་པའི་ཚིག་དང་དོན་རྣམས་ཀྱི་སྙིང་པོའི་ཁུངས་དང་ལུང་གི་འདེད་ས་ནི་མི་ལོ་སྟོང་ཕྲག་ལྷག་གི་ཡར་སྔོན་ནས་རང་གི་ཕ་མེས་ཡང་མེས་དྲིན་ཆེན་པོ་ཚོའི་ཆོས་ཚུལ་སྔ་ཕྱི་ཁག་ནས་ཉམས་མྱོང་ཚད་གྲུབ་ཀྱི་གཏན་ལ་ཕབ་པའི་ལུང་དང་ཕྲ་ཞིབ་བརྟག་དཔྱད་རིགས་པ་ཟུང་འབྲེལ་ཁུངས་འདེད་ཀྱིས་བཤད་པའི་གནས་ལུགས་ཤིག་དང་། དེང་དུས་ཆེད་མཁས་ཚན་རིག་པས་ཕྱོགས་མཐུན་རྩེ་སྤྲོད་དུ་བཤད་པའི་བརྟག་དཔྱད་ཀྱིས་གྲུབ་དོན་དང་ཉམས་མྱོང་སྔ་ཕྱི་རིམ་པ་མང་པོ་སྡེབ་བསགས་ཕྱོགས་བསྡོམས་བྱས་པ་རྣམས་གང་ཞིག་ཆོས་ལུགས་པ་དང་ཚན་རྩལ་པས་རང་རང་གི་ལྟ་ཐོག་སོ་སོ་ནས་ཡོང་ལུགས་ཡོང་རྐྱེན་གྱི་གནས་ལུགས་རྣམས་ངོ་སྤྲོད་དང་འབྲེལ་བཤད་ཀྱི་ཐབས་ལམ་མ་གཅིག་པ་ཁོ་ན་ཙམ་ལས་སྙིང་པོ་དོན་གྱི་འབབ་ས་ནི་ཕྱོགས་གཉིས་པོ་མཐུན་སྣང་གཅིག་ཏུ་གྲུབ་ཅིང་གཅིག་ཏུ་བབས་ཡོད་པ་ནི་དུས་རབས་ཉེར་གཅིག་པའི་ཚད་ལྡན་སློབ་གསོའི་ཁྱབ་ཁོངས་སུ་གནས་པའི་ཁ་བ་གངས་ཅན་པའི་ཤ་ཁྲག་རུས་གསུམ་གྱི་དུམ་བུར་གྱུར་བའི་མི་ཞིག་གིས་ངོས་ནས་བཤད་ན་དེ་ནི་དཀའ་གནད་ཅན་ཞིག་དེ་བས་ཡིན་སྲིད་ཀྱི་མ་རེད།

ང་ཚོས་འགན་འཁུར་འདུ་ཤེས་ཀྱི་ཐོག་ནས་ངེས་པར་དུ་གསལ་པོར་ཤེས་དགོས་པ་ཞིག་ནི།  མི་ལོ་ལྔ་བཅུ་དྲུག་ཅུའི་རྗེས་ཀྱི་འབྱུང་འགྱུར་གྱི་ང་ཚོའི་བུ་རྒྱུད་ཚ་བོ་ཚ་མོ་ཚོས་ལག་ཏུ་ཆེ་མཐོང་རྒྱང་ཤེལ་ཐོགས་ཤིང་། དེང་དུས་བརྟག་དཔྱད་ཆེད་སྤྱོད་ཀྱི་ཡོ་བྱད་སྣ་ཚོགས་བཅུག་པའི་ལག་སྒམ་ཆེ་ཆུང་མང་པོ་བཟུང་སྟེ་ཡུལ་འདིའི་རི་རྒྱུད་དུ་རྩྭ་རྩི་ཤིང་གི་སྐྱེ་དངོས་རིགས་དང་། རི་ཀླུང་གང་སར་སྐྱེ་འཚར་བྱེད་པའི་རྩ་ཆེའི་སྨན་སྣའི་རིགས། བདག་མེད་རི་སྐྱེས་སྲོག་ཆགས་ཀྱི་རིགས། ཆུར་གནས་ཉ་སྲམ་སྦལ་ལྕོང་གི་རིགས། ལྗང་ཞིང་ནེམ་ལ་ཡི་གར་འོང་བའི་ཕྱུགས་རིགས་ཀྱི་རྩྭ་རྭ་དང་སྤང་ལྗོངས་ཀྱི་རིགས། རི་ངོགས་དང་སྤང་ལྗོངས་གང་སར་སྐྱེ་འཚར་བྱེད་པའི་དྲི་ཞིམ་ཕྱོགས་བཞིར་འཐུལ་བའི་མེ་ཏོག་སྣ་ཚོགས་ཀྱི་རིགས། དུས་བཞིར་རྒྱུན་ཆད་མེད་པར་ལུང་པའི་ཕུ་ནས་མདའ་རུ་རྒྱུགས་པའི་དྭངས་གཙང་བསིལ་ངད་ཅན་གྱི་རྒྱ་མའི་ཤིང་ཆུ་སོགས་དེ་དང་དེ་ལ་སོགས་པ་མང་པོ་ཞིག་དེ་དུས་རྩ་སྟོང་གཞི་མེད་དུ་གྱུར་ཅིང་སྔོན་བྱུང་ལོ་རྒྱུས་ཀྱི་བྱུང་རབས་སུ་བསམས་ཏེ་བརྟག་དཔྱད་དང་འཚོལ་ཞིབ་བྱེད་པའི་དུས་སྐབས་དེར་སླེབས་ཙ་ན་ད་ལྟའི་ང་ཚོའི་མི་རབས་འདི་དང་མི་ཐོག་འདིས་རྒྱང་རིང་གི་ཕུགས་བསམ་ཤེས་པའི་མིའི་རིགས་ཀྱི་བློ་རིག་ནུས་རྩལ་སྤྱོད་ལམ་དུ་བསྟེན་ཅིང་འབད་བརྩོན་ཆེར་བསྐྱེད་ཀྱིས་འཐབ་རྩོད་རྒྱུན་འཁྱོངས་བྱས་ཏེ་ཡུལ་ལུང་སྲུང་སྐྱོབ་མ་ཐུབ་པའི་གནས་ལུགས་འདི་རྩ་བ་ནས་མ་ཡིན་པར་དེ་ལས་ལྡོག་སྟེ་ཡུལ་ལུང་འདིའི་ཆགས་འཇིག་གི་འགག་རྩར་བརྟོལ་ཡོང་དུས་བསམ་གཞིགས་དང་འགན་འཁུར་གྱི་ལམ་དུ་སྲུང་སྐྱོབ་དང་འབད་བརྩོན་གྱི་འདུ་ཤེས་གཏན་ནས་མེད་པར་འཕྲལ་སེལ་གྱི་དངུལ་དངོས་ཕྲན་བུ་ཞིག་དང་། འཕྲལ་སེལ་མིག་མདུན་གྱི་འཚོ་ཐབས་སྟབས་བདེ་ཞིག རྒྱང་མིག་གཏན་ནས་ཆོད་མ་མྱོང་ལ་བསམ་གཞིགས་ཀྱི་འདུན་པ་བྲལ། ཚད་ལྡན་སློབ་གསོའི་ཉམས་མྱོང་མེད་ལ་དཔྱོད་ཤེས་ཀྱི་བློ་རིག་ལྐུགས། བསམ་རྒྱུ་དྲན་རྒྱུ་རང་ཉིད་ཁོ་ན་ཙམ་དང་དེ་ཡང་དེ་རིང་དང་སང་ཉིན་ཙམ། དེ་རིང་གི་ཁེ་ཕན་དང་སང་ཉིན་གྱི་གནོད་འཚེའི་ཡང་ལྕི་དང་གོ་རིམ་གཏན་ནས་མི་ཤེས་པ་སོགས་གང་ཞིག་བྱས་ཉེས་ཚབས་ཆེན་འདི་དག་གིས་ཡུལ་གྱི་འདས་མ་ད་གསུམ་གྱི་སྐྱེ་འགྲོའི་བླ་སྲོག་བཙོངས་ཤིང་། འཚོ་གནས་ལྷིང་འཇགས་ཀྱི་བདེ་སྐྱིད་དང་གཞི་མ་ཡོད་ཚད་རླུང་ལ་བསྐུར་བས་ཆོས་དང་འཇིག་རྟེན་གང་གིའང་ལུགས་སུ་གཏན་ནས་འགྲོར་མི་བཏུབ། མདོར་བསྡུས་ན་ཡོད་ཚད་ཀྱི་ཡོད་ཚད་རང་ཉིད་ཀྱི་མིག་འདུན་ཁོ་ནའི་འཚོ་ཐབས་ཀྱི་ཁེ་ཕན་ཆུང་ཙག་ཙམ་དང་རང་ཉིད་གཅིག་པུའི་འདོད་བདེ་བསམ་པ་ཁོ་ནའི་ལངས་ཕྱོགས་ཙམ་དུ་མིག་རྡོ་ལྟར་བཙུམ་བློ་མིག་ཡོད་ཚད་ལྐུགས་པ་ལྐུགས་རྐྱང་དུ་མཆོངས་རྐྱང་ཁོ་ན་བྱས་པའི་མཐའ་འབྲས་ཏེ་བསམ་ཡུལ་ལས་འདས་པའི་ཡུལ་འདིའི་ད་ལྟ་དང་འབྱུང་འགྱུར་གྱི་ཤིན་ཏུ་ཆགས་ཆེ་ཉམ་ང་མི་བཟད་པའི་གནོད་འཚེའི་ལོ་རྒྱུས་ཀྱི་ནག་ཉེས་ཨང་ཀི་དང་པོ་འདི་ང་ཚོས་ཇི་ལྟར་ངོས་ལེན་དང་ཁ་གསབ་ནམ་ཡང་ཐུབ་ཐབས་ཡོད་སྲིད་དམ།

ད་ལྟ་ང་ཚོར་བྱེད་དང་བྱེད་འགྱུར་གྱི་ཐབས་ཤེས་ཉག་གཅིག་ལྷག་ཡོད་པ་ནི་འབྱུང་འགྱུར་གྱི་ཡུལ་འདི་དང་འབྱུང་འགྱུར་གྱི་མིའི་རིགས་གཙོ་བོར་གྱུར་བའི་སྐྱེ་འགྲོ་སེམས་ཅན་ཁྲི་ཚོ་དུ་མའི་ཚེ་སྲོག་བདེ་སྐྱིད་དང་འབྲེལ་བའི་ཆགས་འཇིག་གཉན་འཕྲང་ཅན་གྱི་གནས་སྟངས་ཚབས་ཆེ་ཤིན་ཏུ་གནད་འགག་ཅན་འདི་ཉིད་ཀྱི་ཆེད་དུ་གཙོ་བོ་དེར་ཡོད་ཡུལ་མིའི་ཁོངས་སུ་གཏོགས་པ་ཡོད་དོ་ཅོག་ཐམས་ཅད་ཀུན་པོས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ས་གནས་ས་ཐོག་གི་གྲོང་ཚོ་དང་ཤང་། རྫོངས་སོགས་ཀྱི་འགན་འཁུར་ལས་བྱེད་མི་སྣ་དང་འབྲེལ་ལམ་བཙུགས་ཏེ་དྲང་བདེན་དང་ཞི་བ་ཁོ་ནའི་ཐབས་ལམ་བཟུང་སྟེ་ཡུལ་འདིའི་ད་ལྟའི་གཏེར་འདོན་ལས་འཆར་གྱི་བཟོས་པའི་ཡུལ་འདིར་ཚབས་ཆེ་བའི་གཏོར་བཤིགས་དང་གནོད་འཚེ། འབྱུང་འགྱུར་དེ་ལས་གནོད་ཚབས་ཤིན་ཏུ་ཆེ་བར་འགྱུར་བའི་གནས་སྟངས་རྣམས་ཞིབ་ཕྲ་གསལ་བཤད་ངེས་པར་དུ་བྱེད་དགོས་ཤིང་། དེ་ཡང་གནས་སྐབས་དང་དུས་ཚོད་བྱ་སྤྱོད་སོགས་གང་གི་སྐབས་ཐམས་ཅད་དུའང་ཡིན་ཅིག་མིན་ཅིག་ནང་སེམས་ཀུན་སློང་དུ་གཡོ་ལྷད་དང་གནོད་སེམས་ཀྱི་རིགས་གཏན་ནས་མེད་ཅིང་། ཕྱི་ལུས་པོའི་རྣམ་འགྱུར་དང་ནུས་ཤུགས་སུ་གྱུར་བའི་ལག་འགྱོགས་དྲག་འཐབ་ཀྱིས་འཐབ་འཁྲུག་རིགས་དུས་ནམ་ཡང་མི་དགོས་པར་ཕན་ཚུན་མཛའ་གཅུགས་ཀྱི་ཐོག་ནས་གདོང་པ་དང་གདོང་པ་སྟོན་ཏེ་ཞི་བ་ཁོ་ནའི་ལམ་ནས་རྒྱུ་མཚན་དང་གནས་ལུགས་ཡང་དག་པར་བརྟེན་པའི་འབྱུང་འགྱུར་གྱི་ཡུལ་འདིའི་སྣོད་བཅུད་ཀྱི་གནས་སྟངས་ཇི་ལྟར་ཚབས་ཆེན་རང་བཞིན་དུ་འགྱུར་འགྲོ་བའི་ཚུལ་རྣམས་གཅིག་གཅིག་གཉིས་གཉིས་ཀྱི་ཞིབ་པར་ཤོད། གནས་ལུགས་དང་རྒྱུ་མཚན་གཅིག་པུ་བཤད་པ་ཁོ་ནའི་སྟེང་ནས་མཐའ་གཅིག་ཏུ་ཐག་གཅོད་ཐུབ་པར་དཀའ་བས་ཕན་ཚུན་བསམ་ཤེས་དང་མཛའ་སེམས་གུས་སེམས་དང་བཅས་ཏེ་ལྷག་བསམ་རྣམ་དག་གིས་ཐོག་ནས་རང་ཕྱོགས་ནས་ཉམ་ཆུང་དམའ་སའི་གནས་བབ་བཟུང་སྟེ་ཞུ་བ་ལན་གྲངས་མང་ཞིང་ནན་ཏན་དུ་བྱོས། ད་ལྟའི་ཡུལ་གྱི་ཚབས་ཆེའི་དོན་རྐྱེན་འདི་དག་དང་དངོས་སམ་བརྒྱུད་པའི་འབྲེལ་ཡོད་གོང་རིམ་གྱི་ལས་བྱེད་དབུ་འཁྲིད་རྣམས་ལ་བཟང་སྤྱོད་ཀྱི་ཐབས་ལམ་སྣ་ཚོགས་པ་གང་ཞིག་ཡོད་ཚད་བརྒྱུད་དེ་བར་མ་ཆད་པའི་འབྲེལ་ལམ་བཟུང་སྟེ་གནས་དོན་འདིའི་ཐད་ནས་ཕྱོགས་གང་ཅིར་བསམ་གཞིགས་དང་བལྟ་རྟོག་ཐུབ་པའི་གོ་བསྐོན་བློ་འགུག་ཐོབ་ཐབས་ངེས་པར་དུ་བྱེད་དགོས།

དམིགས་ཡུལ་དང་སྒྲུབ་བྱ། ལངས་ཕྱོགས་དང་རྩ་དོན་འདི་ཉིད་དམིགས་ཚད་དུ་ལེགས་སྒྲུབ་རྒྱུན་འཁྱོངས་ཐུབ་པའི་ཆེད་དུ་རྒྱུན་དུ་གོང་རིམ་འབྲེལ་ཡོད་ལས་ཁུངས་ཁག་དང་ཐད་ཀའི་འགན་འཁུར་དབུ་འཁྲིད་རྣམས་དང་འབྲེལ་མཐུད་རྒྱུན་མི་ཆད་པའི་ཕྱིར་ཡུལ་འདིའི་རྒྱ་ཆེའི་མི་དམངས་རྣམས་ཀྱི་ཕྱོགས་ཡོངས་ཀྱི་ལངས་ཕྱོགས་དང་བསམ་འདུན་ལེགས་པར་མཚོན་ཐུབ་པའི་ཤེས་ཡོན་ལྡན་ལ་ཡུལ་སྡེ་མི་རིགས་ཀྱི་ལ་རྒྱ་ཡོད་པའི་འཐུས་མི་འདེམས་སྒྲུག་གི་སྒྲིག་གཞི་ཚད་དང་ལྡན་པའི་ཚོགས་ཆུང་བཙུགས་ལ། ཚོགས་ཆུང་གི་འཐུས་མིའི་གྲངས་འབོར་ཐད་མི་གྲངས་མང་བ་དོ་གལ་མི་ཆེ། གཙོ་བོ་རྒྱང་རིང་ཕུགས་བསམ་གྱི་ཤེས་ཡོན་ལྡན་ཅིང་ཐབས་མཁས་ཞི་འཇམ་ཐོག་འགན་འཁྲིའི་འདུ་ཤེས་དང་ཧུར་བརྩོན་རང་བཞིན་ཅན་གྱི་ལྷག་པའི་བསམ་པ་ཅན་གྱི་མི་གྲངས་དྲུག་བདུན་ལས་མི་མང་མི་ཉུང་བ་ཞིག་འདེམས་བསྐོ་འོས་ཤིང་འཚམས། ཚོགས་ཆུང་སྒྲིག་འཛུགས་ཀྱི་གཙོ་བོའི་དམིགས་ཡུལ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་མངོན་འདོད་བསམ་ཚུལ་རྣམས་དུས་ཐོག་དུས་ཐོག་ཏུ་གོང་རིམ་འབྲེལ་ཡོད་འགོ་འཁྲིད་ལས་བྱེད་ཁག་ལ་ཐད་ཀ་ཐད་ཀར་ཞུ་གཏུགས་བྱ་ཐུབ་པ་དང་།

དུས་དུས་སུ་མང་ཚོགས་བསྡུ་བསྐོང་གིས་དགོས་གལ་ནམ་ཡོད་ལ་མང་ཚོགས་རྩ་འཛུགས་ཀྱིས་ལས་འགུལ་བྱ་ཐབས་རིགས་ལ་འགན་འཁུར་སྣེ་འཁྲིད་དང་ལམ་སྟོན། དུས་དུས་སུ་ད་ལྟ་འགྲོ་བཞིན་པའི་གནས་སྟངས་ངོ་སྤྲོད་དང་འབྱུང་འགྱུར་གྱི་འཆར་འགོད། གཙོ་བོ་རྒྱ་ཆེའི་མང་ཚོགས་ཀྱི་ཡུལ་འདིའི་གལ་ཆེའི་གནས་དོན་འདིར་དོ་འཁུར་དང་ཕྱོགས་ཡོངས་ནས་ངོས་འཛིན་གསལ་རྟོགས་ཐུབ་པའི་སྦྱངས་བཤད་སློབ་གསོ་དང་འབྲེལ་བའི་བསམ་འཆར་བསྡུ་ལེན་སོགས་མདོར་ན་ལས་དོན་འདིའི་སྔ་བར་ཕྱི་གསུམ་དང་ཕྱོགས་དུས་གནས་སྐབས་གང་ཅིར་ཁ་ཕྱོགས་གཅིག་མཐུན་དང་དམིགས་ཡུལ་གསལ་སྟོན་ཐུབ་རྒྱུར་ཆིག་སྒྲིལ་ནུས་ཤུགས་འདི་གལ་འགངས་ཤིན་ཏུ་ཆེ་བས་ལམ་སྟོན་སྣེ་འཁྲིད་འོག་སྟངས་འཛིན་གྱི་ནུས་པ་ངེས་པར་དུ་འདོན་ཐུབ་པ་བྱེད་དགོས། གཙོ་དོན་ཡུལ་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ངོས་ནས་བཤད་ནའང་ཤེས་ཡོན་ཡོད་རིགས་རྣམས་ཀྱི་རྒྱང་རིང་གི་ཁ་ཕྱོགས་དང་ཕུགས་བསམ་དུ་གྱུར་བའི་ཡུལ་གྱི་སྤྱི་དོན་རིགས་ལ་འགན་འཁྲིའི་ལྷག་བསམ་བཟུང་སྟེ་ཀླད་པ་འགུལ་ཏེ་ཐབས་དང་འཆར་བཀོད་འཐེན་ལ། རྒྱུ་འབྱོར་ཡོད་རིགས་རྣམས་ཀྱི་དགོས་གལ་བྱུང་ན་ཐུབ་ཚོད་ལྕོགས་ཚོད་ཀྱིས་བློས་བཅད་ཀྱི་འགྲོ་གྲོན་ཐོངས། གང་ལྟར་ཤེས་ཡོན་དང་། དཔལ་འབྱོར། ལུས་ཀྱི་ནུས་ཤུགས་སོགས་ནུས་པ་གང་ཡོད་པའི་འབྱུང་ཁུངས་ཐམས་ཅད་བེད་སྤྱོད་ཀྱིས་དགོས་སར་ཆད་ཅིང་། མི་དགོས་སར་ལྷག་མའི་སྐྱོན་དང་ནོར་འཁྲུལ་འདི་རིགས་གཏན་ནས་མི་ཡོང་བར་གྱིས་ལ་གཙོ་བོ་ཡུལ་འདིའི་མི་རེ་ངོ་རེ་ཚང་མར་ད་རེས་ཀྱི་སྒྲུབ་བྱ་གནས་དོན་འདིའི་ཐད་ནས་འགན་འཁྲི་མེད་པ་གཅིག་ཀྱང་ཡོད་མི་སྲིད་པས་ཚང་མས་བསམ་ཤེས་ཀྱིས་བླང་དོར་འཇུག་ལྡོག་གི་སྤྱོད་ལམ་བསྟེན་ཚུལ་མ་ནོར་བར་ཤེས་པར་གྱིས་ལ་ལག་ལེན་དུ་ཐོབ། ལྷག་པར་དུ་ཡུལ་གྱི་འགོ་འཁྲིད་དང་། འཐུས་མི། གཞན་ཡང་ཡུལ་ལ་བློ་དཀར་ཞིང་སེམས་ཉེ་བ་བློ་ཁ་མཐོ་བ་གང་བཞུགས་པ་རྣམས་ཀྱི་ལམ་སྟོན་སྟངས་འཛིན་འོག་རྡོག་རྩ་ཆིག་བསྒྲིལ་གྱིས་མགོ་མཇུག་དང་སྒྲིག་འཛུགས་ལྡན་པའི་ནུས་པ་ཞིག་ངེས་པར་དུ་འདོན་ཐུབ་པ་བྱེད་དགོས།

གོང་རིམ་གྱི་འབྲེལ་ཡོད་ལས་ཁུངས་ཁག་དང་འགོ་འཁྲིད་ལས་བྱེད་རྣམ་པར་རྒྱུ་མཚན་གནས་ལུགས་ཞིབ་བཤད་ཀྱིས་ཐབས་ལམ་འདིའི་ཐད་ནས་ད་དུང་ཡང་དེ་ཙམ་གྱི་ནུས་ཤུགས་དང་དམིགས་ཡུལ་འགྲུབ་རེ་ཞིག་མ་མཐོང་ན་ང་ཚོས་ཐབས་ལམ་གཉིས་པའམ་འབད་བརྩོན་གྱི་ཁ་ཕྱོགས་གཉིས་པར་མུ་མཐུད་དུ་བསྐྱོད་རྒྱུ་དེ་རེད། དེ་ཡང་ཡུལ་འདིའི་ཡུལ་མིར་གྱུར་བའི་འབྲེལ་ཆགས་མི་གྲངས་སྟོང་ཚོ་འགའ་ཡོད་པས་ཁྱེད་ཅག་ཐམས་ཅད་ཀྱིས་བློ་སེམས་དང་བྱ་སྤྱོད་རྡོག་སྣེ་གཅིག་ཏུ་བསྒྲིལ་བའི་སྟོབས་ཤུགས་བླ་ན་མེད་པ་འདི་ཉིད་རྩ་བར་བཟུང་བའི་རྨང་གཞིའི་ཐོག་ཞི་བའི་རྣམ་དཔྱོད་དང་། ཞི་བའི་ནུས་ཤུགས། ཞི་བའི་ཐབས་ལམ་དུ་གྱུར་བའི་ངོ་རྒོལ་གྱི་རྣམ་པ་སྟོན་པའི་ཡོངས་ཁྱབ་སྐད་འབོད་ཀྱི་རིགས་དང་། ཟས་བཅད་ངོ་རྒོལ། ངག་བཅད་ངོ་རྒོལ་སོགས་ལས་འགུལ་འདི་རིགས་གོ་སྒྲིག་ཚགས་ཚུད་ཐོག་ཤང་དང་ཆུས། རྫོང་དང་གྲོང་ཁྱེར་གྱི་འབྲེལ་ཡོད་ས་གནས་གནད་ཡོད་ཁག་དང་། འབྲེལ་ཡོད་ལས་ཁུངས་ཁག  མི་ཚོགས་འདུ་ཚོགས་ཆེ་ས་ཁག གཏེར་འདོན་གཏོར་བཤིགས་ཐེབས་ཡུལ་གྱི་ས་གནས་ཁག གཏེར་འདོན་ལས་རིགས་དང་འབྲེལ་བའི་ས་གནས་ས་ཐོག་གི་བཟོ་གྲྭ་དང་ལས་ཁུངས་སོགས་འབྲེལ་ཆགས་ས་གནས་དེ་དང་དེ་དག་རྣམས་སུ་མི་མང་ཡོངས་རྫོགས་བསྡུ་བསྐོང་གིས་ཞི་བའི་སྤྱོད་ཚུལ་ལས་མ་འགལ་བའི་ཐབས་ལམ་ལ་བརྟེན་པའི་ཆིག་སྒྲིལ་གྱིས་ལས་འགུལ་འདི་རིགས་རྒྱུན་འཁྱོངས་དང་འབད་བརྩོན་ཆེར་བསྐྱེད་ཀྱིས་མུ་མཐུད་དེ་ལག་བསྟར་བྱེད་དགོས།

གཞན་ཡང་རྒྱུན་ལྡན་དུ་ཡུལ་ལུང་གི་སྣོད་བཅུད་གཙོ་བོར་གྱུར་བའི་ཡུལ་མིའི་བདེ་སྡུག་ལ་སེམས་འཁུར་དང་། མི་རིགས་ཀྱི་ལ་རྒྱ་དང་ལྡན་པ། འགན་འཁུར་གྱི་འདུ་ཤེས་ཡོད་པ། རྣམ་དཔྱོད་ཀྱི་སྤོབས་པ་ལྡན་པའི་ཡུལ་གྱི་འགོ་འཁྲིད་མི་སྣ་གཙོ་བོར་གྱུར་བའི་དཔོན་རིགས་ཁག་དང་། ཆོས་སྲིད་ཀྱི་གྲགས་ཅན་མི་སྣ། ཡུལ་འདིའི་མིའི་རིགས་ཡོངས་རྫོགས། དེ་བཞིན་རྒྱ་བོད་མི་རིགས་ཁྱིམ་ཚང་ཆེན་མོའི་མི་རིགས་སུ་གྱུར་བ་གཞན་དང་གཞན་དག་སོགས་གང་ལྟར་གྲངས་འབོར་གང་མང་མང་གི་རྒྱབ་སྐྱོར་ས་རྟགས་བརྒྱབ་པའི་གོང་འབུལ་སྙན་ཞུ་སྦྲགས་མ་ཡང་ནས་ཡང་དུ་འབུལ་དགོས་པར་མ་ཟད་སྙན་ཞུ་གང་དང་གང་གི་གནས་སྐབས་སུའང་བརྗོད་བྱའི་གནད་དོན་དེ་ཡང་གཏེར་འདོན་ལས་འཆར་གྱིས་རྐྱེན་པས་ཡུལ་འདིའི་ད་ལྟའི་མཐོང་ཐོས་དངོས་མྱོང་གི་ཚབས་ཆེན་རང་བཞིན་དུ་གྱུར་བའི་གནས་ཚུལ་རྣམས་དང་འབྱུང་འགྱུར་དེ་ལས་གནོད་ཚབས་ཆེ་བའི་གནས་སྟངས་རྣམས་རྒྱུ་མཚན་དང་བཅས་ཏེ་ཞིབ་ཕྲ་ཁ་གསལ་གྱིས་འགོད་དགོས་པར་མ་ཟད་གཏེར་འདོན་གཏོར་བཤིགས་ཀྱིས་གནོད་སྐྱོན་ཕོག་སའི་ས་གནས་ས་ཐོག་དངོས་དང་། གཏེར་འདོན་ལས་འཆར་གྱི་རྐྱེན་པས་མི་ཕྱུགས་གཙོ་བོར་གྱུར་བའི་སྲོག་ཆགས་རིགས་ལ་གནོད་འཚེ་བྱུང་རིགས། ཆུ་རྩ་སྐམ་ཞིང་འབག་བཙོག་ཏུ་གྱུར་བའི་ཆུ་རིགས། རྩྭ་དང་རྩི་ཤིང་གི་སྐྱེ་དངོས་རིགས་སོགས་ཡོད་ཚད་ཚབས་ཆེར་ཉམས་བརླགས་སུ་འགྲོ་དང་འགྲོ་བཞིན་པ་མཐའ་དག་དངོས་སུ་དཔར་ལེན་བྱས་པའི་དཔར་རིགས་སོགས་གང་ལྟར་ཡུལ་འདིའི་ད་ལྟ་དང་འབྱུང་འགྱུར་གྱི་ཕྱིའི་སྣོད་དུ་གྱུར་བའི་ཁོར་ཡུག་དང་ནང་བཅུད་དུ་འབོད་པའི་སྐྱེ་འགྲོ་གང་ལའང་གནོད་སྐྱོན་དོ་ཕོག་ཤིན་ཏུ་ཚབས་ཆེར་འགྲོ་དང་འགྲོ་བཞིན་པའི་གནས་སྟངས་ངོ་མ་རྣམས་གང་གསལ་གསལ་གྱི་ཆད་ལུས་གཏན་ནས་མེད་པར་གོང་རིམ་དཔོན་རིགས་རྣམས་ཀྱི་སེམས་ལ་ངེས་ཤིང་མིག་ལ་འཆར་ཐུབ་པའི་ངེས་འདྲོངས་ཐུབ་ངེས་ཤིག་ངེས་པར་དུ་ཡོད་དགོས་པར་མ་ཟད། དེ་ཡང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ནི་སྙན་ཞུ་གང་གི་སྐབས་སུའང་བརྗོད་བྱའི་གནས་ལུགས་ཀྱི་ངོ་བོ་དང་། དམིགས་ཡུལ། དོན་རྩ་ངོ་མ་གང་ཡིན་ཁ་གསལ་དམིགས་ཕུགས་ཀྱིས་གཙོ་འདོན་ཆེ་བ་ལས་དགོས་མེད་ཚིག་ཉོག་གི་ཤོག་ལྡེབ་ཁ་གྲངས་མང་སོང་ན་སྙན་ཞུ་འབུལ་ཡུལ་འགོ་འཁྲིད་སོགས་ཀྱི་ཞིབ་འཇུག་བལྟ་ཀློག་གི་དུས་ཚོད་མི་ཁོམ་པ་དང་། ཞིབ་དཔྱད་སྐབས་དོན་སྙིང་གསལ་རྟོགས་ཐད་འགོག་རྐྱེན་གྱི་ནུས་པ་ཐོན་པ། ཐག་གཅོད་དུས་འགྱངས་དང་ཕྱོགས་བསྡོམས་ཐག་གཅོད་ཀྱི་སྐབས་སུའང་རྩ་དོན་དུ་ཕན་མེད་གནོད་གཞིའི་རིགས་འབྱུང་ཉེན་ཆེ་བས། དེ་ཡང་རབ་བྱུང་ན་བརྗོད་དོན་ཁ་གསལ་ཆ་ཚང་བའི་ཐོག་ཤོག་ལྡེབ་ཁ་གྲངས་ཉུང་ཞིང་བློ་ངོར་འཆར་བདེ་བ་དང་དོན་རྩ་རྡོག་ཏུ་འགྲིལ་བའི་ཁྱད་ཆོས་ཡོད་པས་ཞུ་བྱའི་གནས་དོན་ཆེ་ཁག་རིགས་ཕྱོགས་བསྡོམས་ཟུར་འདོན་གྱིས་དོན་ཚན་ཁ་གྲངས་ལུགས་སུ་བཀོད་ན་ཤིན་ཏུ་ལེགས།

མདོར་ན་ད་ལྟ་དང་འབྱུང་འགྱུར་གྱི་ཡུལ་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཕྲལ་ཡུན་བདེ་སྡུག་གི་འགག་རྩར་གནས་པའིི་ཤིན་ཏུ་གལ་ཆེན་རང་བཞིན་གྱི་དམིགས་ཡུལ་འདི་ཉིད་མངོན་འགྱུར་དང་ལེགས་སྒྲུབ་ཇི་སྲིད་མ་བྱུང་གི་བར་དུ་ང་ཚོར་འདི་ལས་གལ་འགངས་ཆེ་བའི་གནས་དོན་ཞིག་དང་། འདི་ལས་ལྷག་བསམ་པའི་བྱ་གཞག་ཅིག  འདི་ལས་ལྕི་བའི་འགན་འཁྲི་ཞིག་དང་སྒྲུབ་བྱ་ཞིག་གཏན་ནས་མེད་ཅེས་འཇིག་རྟེན་འདིའི་ཉི་ཟླ་སྐར་གསུམ་དང་ས་གཞི་རི་རབ་དང་བཅས་པའི་གླིང་འདི་ནས་མཆོག་གསུམ་དཔང་པོར་བཞུགས་པའི་དྲང་བདེན་གནས་ལུགས་ཀྱི་སྟེང་ནས་བརྒྱ་ཆ་བརྒྱས་ཚིག་ཐག་བཅད་དེ་བཤད་ཆོག་པ་ཡིན་པས། དེས་ན་ང་ཚོས་མིག་སྔའི་གནས་དོན་འདི་ཉིད་ཀྱི་གལ་ཆེའི་རང་བཞིན་གང་ཡིན་ཡང་ཡང་དུ་དཔྱད་ཅིང་གསལ་རྟོགས་ཀྱིས་དྲན་པས་ཡང་དག་པར་ནན་ཏན་དུ་བཟུང་ལ། ཐམས་ཅད་ཀྱིས་སེམས་དང་ལག་ལེན་གཅིག་ཏུ་བསྒྲིལ་བའི་ཆིག་སྒྲིལ་སྟོབས་ཤུགས་ཀྱི་རླབས་ཆེན་ནུས་པ་དང་། རྒྱུན་འཁྱོངས་འབད་བརྩོན་གྱི་ཡང་དག་པའི་གྲུབ་འབྲས་འདི་གཉིས་ལ་དུས་དང་རྣམ་པ་ཀུན་ཏུ་ཡིད་ཆེས་བརྟན་པོ་བསྐྱེད་དེ་ཞི་བའི་ཐབས་ཇུས་གཅལ་དུ་བསྒྲིགས་པའི་རྒྱ་ཆེའི་ལམ་ཡངས་ཐོག་དྲང་བདེན་གནས་ལུགས་ཀྱི་ཡང་དག་པར་ཟིན་པའི་རྒྱུན་འཁྱོངས་འབད་སྟོབས་ཀྱིས་གོམ་པ་སྤོས་ཏེ་མི་རིགས་ཤིག་དང་ས་ཁུལ་ཞིག་ཏུ་ལུགས་མཐུན་སྤྱི་དམངས་ཁེ་དབང་གི་ཐོབ་ཐང་ཐད་དགོས་ངེས་ཁྲིམས་ལུགས་ཀྱི་འགན་ལེན་སྲུང་སྐྱོབ་ངེས་པར་དུ་དགོས་པ་མ་ཟད་སྤྱི་ཚོགས་བརྟན་ལྷིང་དང་མིའི་རིགས་ཀྱི་འཚོ་གནས་རྩ་དོན་གྱི་འགག་རྩར་ཐུག་པའི་གལ་ཆེའི་རང་བཞིན་ཅན་གྱི་གནས་དོན་འདི་ཉིད་ལ་ལུགས་མཐུན་དང་དྲང་བདེན་གྱི་ཕྱོགས་སུ་ཁྲིམས་ལུགས་ཀྱིས་འགན་ལེན་ཁྲུན་ཐག་གཙང་ཆོད་མ་བྱུང་གི་བར་དུ་འབད་བརྩོན་འཐབ་རྩོད་མུ་མཐུད་དུ་ལག་བསྟར་རྒྱུན་འཁྱོངས་བྱེད་དགོས།

སྤྱིར་ན་འཛམ་གླིང་གི་ཡར་ཐོན་རྒྱལ་ཁབ་གཙོ་བོར་གྱུར་བའི་ཡུལ་གྲུ་གང་ཞིག་ཏུ་ཡིན་ནའང་རང་རང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཚུལ་ལ་བལྟས་ན་དངོས་གནས་ཧ་ལས་པའི་དམ་འཛིན་གཅེས་སྲུང་བྱེད་ཅིང་རང་ཉིད་གནས་སའི་ཡུལ་འདི་ཕྱོགས་སུ་ཡིན་ནའང་ཞིང་ས་མ་ཡིན་པའི་ས་སྟོང་ཕལ་མོ་ཆེར་རིགས་སྣ་ཚོགས་ལས་གྲུབ་པའི་ཤིང་ནགས་མཐུག་པའི་ས་ཡུལ་རྒྱ་ཆེ་བ་ཤ་སྟག་ཡིན་ཞིང་། འོན་ཏེ་ཤིང་རིགས་སྣ་ཁ་མང་ཞིང་ནགས་ཚལ་དེ་ཙམ་དུ་རྒྱ་ཁྱོན་ཆེ་ནའང་གང་བྱུང་གི་གཅོད་བྲེག་རིགས་གཏན་ནས་བྱེད་མི་ཆོག་ལ་གལ་ཏེ་གཅོད་བྲེགས་ཀྱིས་རྐུ་འཁྱེར་རིགས་བྱུང་ན་ཉེས་ཚབས་ཆུང་རིགས་ལ་དངུལ་ཆད་ནན་པོ་གཅོད་ཅིང་ཚབས་ཆེའི་རིགས་ལོ་མང་བཙོན་དུའང་འཇུག  ནགས་ཚལ་སྲུང་སྐྱོབ་དམ་བསྒྲགས་ཤུགས་ཆེ་བས་ཁྲིམས་མཐུན་གྱི་ཤིང་ཆའི་རིགས་ཉོ་ཚོང་ཐད་རིན་གོང་ཧ་ཅང་མཐོ། གཞུང་ལམ་གཡས་གཡོན་དང་། འགྲོ་བསྐྱོད་བདེ་སའི་ས་ཁོངས། གྲོང་སྡེའི་ཉེ་འཁོར་སོགས་སུ་ཡོད་པའི་ཤིང་གི་སྡོང་པོ་མང་ཆེ་བའི་ལྡེབས་ངོས་སུ་ཨང་གྲངས་བཏབ་སྟེ་ས་གནས་གཞུང་གི་ལས་ཁུངས་ཀྱི་ཡིག་ཚགས་སུ་འཇོག ནགས་ཚལ་སྲུང་སྐྱོབ་དང་བལྟ་རྟོག་འགན་འཁུར་བའི་ལས་བྱེད་མི་སྣ་ས་གནས་གང་སར་བསྐོ་འཛུགས་ཐོག་ནགས་ཚལ་ཡོད་རིགས་ཀྱི་གཞུང་ལམ་གང་སར་ཤིང་རིགས་དོ་དམ་བརྟག་དཔྱད་ཀྱི་འགག་སྒོ་མང་ཞིང་། སྤྱིར་ས་ཡུལ་གང་བྱུང་དང་ལྷག་པར་དུ་ནགས་ཚལ་ཡོད་རིགས་ཀྱི་ས་ཁོངས་སོགས་ནས་ས་རྐོ་རྡོ་སྔོག་རིགས་བྱས་མི་ཆོག་པར་མ་ཟད་རི་དྭགས་གཙོ་བོར་གྱུར་བའི་བྱ་བྱིའུ་དང་བདག་མེད་སེམས་ཅན་གྱི་རིགས་ཀྱང་གང་བྱུང་གི་བསད་འཁྱེར་དང་གནོད་འཚེའི་རིགས་གཏན་ནས་མི་ཆོག་པར་མདོར་ན་ཡུལ་དེ་དང་དེའི་ཁོར་ཡུག་སྲུང་སྐྱོབ་ཐད་འཛིན་པའི་ཁྲིམས་ལུགས་ཀྱི་འགན་ལེན་གཏན་འབེབས་ཁག་ནི་ཤིན་ཏུ་བཙན། འདི་ལྟ་བུའི་དགོས་ངེས་བཟང་སྤྱོད་ཀྱི་ཡུལ་ཁྲིམས་ཁག་ཤིན་ཏུ་བཙན་ལ་དེ་བས་སྲུང་བརྩི་བྱེད་མཁན་མི་རིགས་ཀྱིས་ངོས་ནས་ཀྱང་དེ་ལྟ་དེ་ལྟར་ཁྲིམས་ལུགས་ལ་བརྩི་མཐོང་ཆེ་བ་འདི་འདྲ་མངོན་སུམ་དུ་མཐོང་ཡོང་དུས་རང་ཡུལ་གྱི་ད་ལྟའི་ཁོར་ཡུག་ཉམས་ཆགས་ཚབས་ཆེར་གྱུར་དང་འགྱུར་བཞིན་པའི་གནས་སྟངས་ཐབས་སྡུག་པོ་དེ་དང་དེ་ལ་སོགས་པའི་རང་ཡུལ་གྱི་གནས་སྟངས་གནས་ཚུལ་མང་པོ་ཞིག་ཀྱང་ཕྱིར་དྲན་གྱིས་བསམ་གཞིགས་མི་བྱེད་ཀ་མེད་རེད། རྩ་བ་ཚད་ལྡན་སློབ་གསོ་ཐོབ་དང་མ་ཐོབ་ཀྱི་ཁྱད་པར་འདིས་ད་གཟོད་རང་ཡུལ་ས་གནས་ས་ཐོག་གི་བདག་དབང་དུ་གྱུར་བའི་མི་རིགས་སྤྱིའི་བསམ་སྤྱོད་ཀྱི་འཁྱེར་སོ་དང་འདི་ཕྱོགས་ཡུལ་གྱི་ས་གནས་བདག་འཛིན་མི་རིགས་དབར་གྱི་བསམ་བློའི་ཆུ་ཚད་དང་ཀུན་སྤྱོད་ཐད་ཀྱི་ཧེ་བག་ནི་རྦད་དེ་གནམ་སའི་བར་ཁྱད་ཙམ་རེད།

ཤེས་ཡོན་སློབ་གསོའི་གནས་དོན་འདི་ཉིད་ཀྱི་འགག་རྩར་གནས་པའི་ཁོར་ཡུག་གཏོར་སྐྱོན་ཚབས་ཆེར་ཞུགས་པའི་གནས་སྟངས་དེ་ལྟ་བུ་ནི་འདི་ཕྱོགས་ཀྱི་ཡུལ་འདི་ལྟ་བུར་འབྱུང་བ་གཏན་ནས་མི་སྲིད་ཅིང་གལ་ཏེ་གནས་སྟངས་དེ་ལྟར་འོངས་པ་སྲིད་ཅེ་ན་དེ་ནི་ཡུལ་འདིར་ཡུལ་གཞན་གྱིས་བཙན་པོའི་རྡུལ་ཕྲན་དམག་ཤུགས་ཀྱིས་རྒོལ་རྡུང་ཕོག་པའམ་དེ་མིན་ན་ཡུལ་འདིའི་མིའི་རིགས་ཡོད་ཚད་སྨྱོ་ཆུ་བཏུངས་པའི་སྨྱོ་ནད་ཀྱིས་ཟིན་ན་མ་གཏོགས་གནས་སྟངས་ཐབས་སྡུག་པོ་དེ་ལྟ་བུ་འོང་ལུགས་གཏན་ནས་མི་འདུག  ཆུང་ས་ནས་བཤད་ན། ཡུལ་འདིར་སྔར་ཡོད་ཀྱི་ཆུ་རྫིང་ཆུང་ངུ་ཞིག་དང་། རྩི་ཤིང་རིགས་ཀྱི་བཟུང་བའི་ས་ཁྱོན་གཡག་སྐོ་ཙམ། རྩྭ་ལྗང་སྤངས་ལྗོངས་ཆུང་ངུ་ཙམ། བྱ་བྱིའུ་རི་དྭགས། ཉ་རིགས་སྲོག་ཆགས་སོགས་འདུས་སྡོད་བྱེད་པའི་ས་གནས་དེ་དང་དེ་དག་རིགས་གཞི་ཁྱོན་ཆེ་ཆུང་ལ་མ་ལྟོས་པར་སྲུང་སྐྱོབ་ནན་པོ་བྱེད་པར་མ་ཟད་ཁོར་ཡུག་གནོད་གཞིའི་རིགས་ལ་རྒྱལ་ཁྲིམས་དང་ཡུལ་མིའི་ཀུན་སྤྱོད་ཐད་ནས་ཤིན་ཏུ་དོ་ནན་དང་བརྩི་བཀུར་དམ་བསྒྲགས་བྱེད་རྐྱང་བྱེད། མི་སྒེར་གྱི་བདེ་ཐང་དང་འབྲེལ་བའི་ཀུན་སྤྱོད་ཆུང་ཙག་གཅིག་པུའི་ཐད་ནས་བསམས་ནའང་ཆང་རག་དང་ཐ་མ་ཁ་སོགས་མྱོས་རྫས་ཀྱི་རིགས་ཡུལ་འདིར་འཛད་སྤྱོད་དམ་བསྒྲགས་ཤིན་ཏུ་ཆེ་བས་རྒྱལ་ས་ཆེ་ཁག་ཏུའང་རྫས་རིགས་དེ་དག་དམིགས་བསལ་གྱི་ཚོང་གཉེར་ལས་རིགས་གཉེར་མཁན་མཐོང་བ་ཤིན་ཏུ་དཀོན། སྤྱི་སྤྱོད་འགྲུལ་སྐྱེལ་གྱི་ས་ཚིགས་ཁག་དང་། ཚོང་ཁང་དང་ཟ་ཁང་། ཚོགས་ཁང་དང་གློག་བརྙན་ཁང་སོགས་མི་ཚོགས་འདུས་སྡོད་ཆེ་ཁག་གི་ས་གནས་སོ་སོར་དེ་བས་ཆང་རག་དང་ཐ་མ་ཁ་སོགས་དམ་བསྒྲགས་ཤུགས་ཆེ་བྱེད། སྤྱིར་ཡུལ་འདིའི་མི་འབོར་ལ་ལྟོས་ཏེ་ཆང་རག་དང་ཐ་མ་ཁ་སོགས་འཛད་སྤྱོད་བྱེད་མཁན་གྱི་མི་གྲངས་ནི་ཤིན་ཏུ་ཉུང་། དེ་ལྟར་ཤེས་ཡོན་སློབ་གསོ་རྨང་གཞིར་བརྟེན་པའི་སྤྱོད་ཚུལ་ཆུང་ཙག་ཙམ་ཡང་ལྷོད་གཡེངས་མི་བྱེད་པའི་སྒྲིག་ཆུག་གི་གནས་སྟངས་དེ་དང་དེ་དག་ནི་ཁྱོན་ཡོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒྲོམ་གཞི་ཞིག་དང་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་དགོས་ངེས་ཀྱི་གྲུབ་ཆ་ཞིག་ཏུ་མཐོང་བས་ཞོར་འཕྲོས་སུ་ཐལ།

སྤྱིར་རང་ཡུལ་གྱི་ད་ལྟའི་ཕྱོགས་ཡོངས་ཀྱི་གནས་སྟངས་ཐད་ནས་བསམས་ན། ཡུལ་འདིར་བོད་ས་མདོ་སྟོད་སྨད་ཀྱི་ཡུལ་སྡེ་གཞན་དང་གཞན་ཇི་བཞིན་དུ་ས་གནས་ས་ཐོག་ཏུ་རང་སྡེ་མི་རིགས་ལ་ཞེན་པ་ལྷག་བསམ་དཀར་བའི་རྣམ་དཔྱོད་བློ་གྲོས་དང་ལྡན་པའི་ལམ་སྟོན་པ་པོའི་ཆོས་ཀྱི་བླ་མ་དང་སྲིད་ཀྱི་འགོ་འཁྲིད་ནི་མེད། ཡུལ་འདི་ནས་སྐྱེས་ཤིང་མཐོ་རིམ་སློབ་གསོ་དང་ཚད་ལྡན་སློབ་གསོ་ཐོབ་པ་རེ་འགའ་ཡོད་པ་སྲིད་ཀྱང་དེ་དག་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐ་སྙད་ལ་རྨོངས་ཤིང་འཇོན་ཐང་དང་ལྐུགས་རྟགས་འཁྲུལ་ཏེ་རང་ཡུལ་ལ་ཕྱིར་གཟིགས་ཀྱིས་ཞལ་ཕྱོགས་ཤིང་ཞབས་ཀྱིས་བཅགས་པའི་ལམ་སྟོན་གྱི་གསུང་བྱོན་མི་ཉན། ཤེས་བྱའི་ཁ་ཕྱོགས་བསྒྱུར་བའི་མི་རིགས་ཀྱི་ལ་རྒྱ་མེད་པས་མཐོ་རིམ་ཤེས་ཡོན་དང་ཡུལ་གྱི་འདི་ལྟ་བུའི་བདེ་སྡུག་གི་རིན་ཐང་རྩ་བ་ནས་ངོས་མི་ཟིན། ལོ་ཆུང་བྱིས་པ་རྣམས་ནི་ཤེས་མེད་ཚོར་མེད་ངང་དུ་འཆར་ཅན་ལྟར་དུ་སློབ་གྲྭ་འགྲིམས་པའི་བཟོ་ལྟ་བྱེད། དར་མ་དང་གཞོན་ནུ་རྣམས་ནི་རང་ཡུལ་རང་སྡེ་སྣོད་བཅུད་དང་བཅས་པ་ཐེད་ལ་བོར་ཏེ་གཞན་དབང་གི་འོག་ཏུ་དཀར་པོའི་སོ་དང་དམར་པོའི་ལྕེ་བསྟན། ཁ་འཚེར་འཚེར་དང་སྣ་ཉག་ཉག སྒྱིད་པ་གུག་གུག་གིས་སྒོར་ཙག་མོར་ཙག་འགའ་རེའི་དོན་དུ་ངོ་གདོང་ས་ལ་གཡུགས་ཏེ་ལོ་ཟླ་ཕལ་ཆེར་གཞན་ཡུལ་དུ་གནས་ཚང་ཁོ་ན་འགྲིམས་བཞིན་ཤིན་ཏུ་སྟབས་བདེའི་འཚོ་ལམ་དུ་རང་སྲོག་བློས་གཏོང་བྱེད། སྤྱིར་རྒྱ་ཆེའི་མི་དམངས་མང་ཚོགས་འདི་དག་ནི་ཚད་ལྡན་སློབ་གླིང་གི་སྒོ་ཐེམ་འགོམ་ཡུག་གཏོང་མ་མྱོང་བས་རྒྱང་རིང་ཕུགས་བསམ་གྱི་ཤེས་རྒྱ་མེད་ལ་ད་ལྟའི་སྐབས་ཐོག་འདི་རང་དུ་ཤིན་ཏུ་མཁོ་བའི་ཚད་ལྡན་སྣེ་འཁྲིད་པ་ཡང་མེད་པས་ལམ་སྟོར་བའི་མགྲོན་པོ་བཞིན་དུ་གར་འགྲོ་གཏོལ་མེད་དང་ཅི་བྱ་འདི་བྱེད་དུ་གྱུར། མིག་མེད་པའི་གྲོག་མ་ཁྱུ་ཚོགས་ལྟ་བུའི་ཡུལ་མི་སྤྱི་ཚོགས་ཀྱི་བྱ་སྟངས་བྱེད་ལུགས་ཀྱི་གནས་སྟངས་རྣམས་བསམ་བཞིན་དུ་ད་ལྟ་དང་འདས་པའི་ཕྱོགས་གང་སར་དེ་བས་བློ་འཚབ་དང་ཉེན་ཁ་ཤིན་ཏུ་ཆེ། དངོས་ཡོད་ཀྱི་ཁ་གདོང་མིག་གདོང་དུ་ཞིམ་ཟས་སྣ་རེ་དང་མཛེས་ཆོས་ཁྲ་ཁྲ་ཟིང་ཟིང་འདྲ་བྱུང་ན་དེ་གས་ཞེ་བློ་ཕབ་ཅིང་ཡིད་སེམས་རེ་ཚིམས། ཡུལ་གཞན་དང་ས་གནས་གཞན་དུ་མིག་དཔེ་བལྟ་འོས་པའི་ལེགས་ཆ་གལ་ཆེན་དགོས་ངེས་ཤིན་ཏུ་མང་པོ་ཡོད་ཀྱང་དེ་དག་ལ་སྣང་འཇོག་ཏིལ་འབྲུ་ཙམ་ཡང་མི་བྱེད། ད་ལྟ་དང་མ་འོངས་པའི་གཞི་རྩའི་བདེ་སྐྱིད་དང་གསོན་ཤུགས་ཀྱི་རེ་བ་ཡོད་ཚད་དུ་གྱུར་བའི་ཡུལ་གྱི་སྣོད་བཅུད་ཀྱི་དོན་རྩ་འགངས་ཆེན་འདི་ལྟ་བུ་ལའང་སྣང་འཇོག་ཡེ་ནས་མི་བྱེད་ན་གཞན་དག་ནས་བཤད་ཅི་དགོས།

གང་ལྟར་ཕྱོགས་གང་ས་ནས་ཉམས་རྒུད་དུ་གྱུར་བའི་རྒྱུ་མཚན་འདི་དང་འདི་དག་གིས་དབང་ལས་རང་ཉིད་ཀྱི་གནས་བབ་ལ་བལྟ་ལོང་བསམ་ལོང་མ་བྱུང་བར་བྱ་ཕོ་མེད་ས་ནས་བོང་བུས་ངོ་ཚ་མེད་པར་ཨུ་ཚུགས་ཀྱིས་ནམ་ཚོད་བཟུང་བའི་སྐད་སྒྲ་འདིས་ཡུལ་མི་ཐམས་ཅད་དོན་ཆུང་ཙག་ཙིག་ལ་མགོ་བོ་རྨོངས་ཤིང་འཐོམས་པའི་ཁྲོད་དུ་དོན་ཆེན་མཐུས་ཤོར་དུ་འགྲོ་བཞིན་པའི་རྫོབ་རྟགས་ཀྱི་རྨོངས་གཉིད་མཐུག་པོ་འདི་ལས་ཐེངས་གཅིག་དཀྲོག་ཐུབ་ན་འདིས་ད་གཟོད་རང་གི་དགོས་པ་འགྲུབ་པ་ཡིན་པས་དེ་ལྷག་ཅི་དགོས། དེ་མིན་གཉིད་ལས་དཀྲོག་མཁན་སུ་ཡིན་དང་སྐྱེ་ས་རིགས་རྒྱུད་མཐོ་དམན། ཤེས་ཡོན་དང་རྒྱུ་འབྱོར་ཡོད་མིན་སོགས་ཀྱི་རྒྱབ་ལྗོངས་གང་ཡིན་ལ་བལྟ་གིན་དང་དཔྱད་ཀྱིན་བསྡད་ན་དུས་ཚོད་ཀྱིས་ནམ་ཡང་དོན་ཆེན་སྒུག་མི་སྲིད་ཅིང་མཐུས་ཤོར་དུ་འགྲོ་མང་བས་རྩ་བའམ་བཤད་པའི་དོན་གྱི་ངོ་བོ་གང་ཞིག་ལ་ཐུག་ཡོད་མེད་དང་དེས་གང་ཞིག་ཕན་གནོད་འདྲེན་མིན་ལ་བལྟ་རྒྱུ་འདི་གཙོ་གལ་ཆེ་བས་གང་ལྟར་ངས་འདི་ནས་བསྐྱར་བཤད་ཡང་བཤད་ཀྱིས་གང་བཤད་པ་རྣམས་རང་ཡུལ་རང་སྡེས་བསམ་གཞིགས་ཀྱིས་ཕྲན་བུའི་ཕན་ཐོགས་ཤིག་མེད་སོང་ནའང་མ་མཐར་ཡང་གནོད་པའི་རིགས་རྩ་བ་ནས་མེད་གྱུར་བས་ལས་འབྲས་དང་ལྷག་བསམ་ལ་ནམ་ཡང་ཡིད་ཆེས་དང་གདེངས་ཚོད་ཡོད་ལགས།

དེ་ལྟར་ལུས་པོ་གཞན་ཡུལ་དུ་ཡོད་ཀྱང་སེམས་པ་རང་ཡུལ་རང་མི་ལ་ཉིན་མཚན་ཟུང་འབྲེལ་དུ་དུངས་ཤིང་ཕྱོགས་པ་འདིས་གཅིག་ཏུ་བསྐུལ་བས་མི་བཟོད་པར་བཤད་ཟིན་པའི་གོང་གི་གནས་ལུགས་རྣམས་རང་ཉིད་བསམ་རྒྱུ་དྲན་རྒྱུ་རྒོད་དྲགས་པ་དང་། བཤད་རྒྱུ་གཏམ་རྒྱུ་མང་དྲགས་པ། བྱ་རྒྱུ་ལས་རྒྱུར་དགའ་དྲགས་པ་སོགས་ང་རང་མི་རྐྱང་ཞིག་གིས་སྒེར་གྱི་སྤྱོད་ལམ་བསྟེན་ཚུལ་དང་འབྲེལ་བ་གཏན་ནས་མེད་པར་མི་རིགས་ཤིག་དང་ཡུལ་སྡེ་ཞིག་གི་ད་ལྟ་དང་འབྱུང་འགྱུར་གྱི་བསམ་བརྗོད་ལས་འདས་པའི་གྱོང་གུན་གྱི་གནོད་འཚེ་ཞིག་དང་། དོར་ཐབས་མེད་པའི་ལོ་རྒྱུས་ཀྱི་ཉེས་ཅན་དུ་གྱུར་བའི་མི་རབས་འདིའི་ནོར་འཁྲུལ་ལ་མཐའ་གཅིག་ཏུ་བསམས་ཏེ་འཛམ་གླིང་རྒྱལ་སྤྱིའི་ཆེད་ལས་ཚན་རྩལ་གྱི་གྲགས་ཅན་མི་སྣ་མང་པོས་གཏན་འཁེལ་ཐག་གཅོད་བྱུང་བའི་ཕྱོགས་བསྡོམས་ཀྱི་ཡིག་ཆ་ཁག་དང་། གཞན་ཡང་འབྲེལ་ཡོད་དངོས་བྱུང་གི་ལོ་རྒྱུས་རིགས། ཚད་ལྡན་གསར་འགྱུར་གྱི་དུས་དེབ་དང་ཚགས་པར་ སོགས་ཕྱོགས་སོ་སོ་ནས་ཡོངས་ཁྱབ་ཏུ་བསྒྲགས་ཤིང་བཀོད་པའི་ཚིག་ཐོ་རྣམས་དང་དོན་རྩ་ཕྱོགས་གཅིག་ཏུ་བབས་པའི་ཕ་མེས་དྲིན་ཆེན་པོ་ཚོའི་ཆོས་ལུགས་ནས་གང་བཤད་པ་རྣམས་རང་བློས་ལྕོགས་ཚོད་ཀྱིས་བསྡུ་རུབ་ཐོག་རང་ཡུལ་ས་ཐོག་ཏུ་བྱུང་བའི་ད་ལྟའི་དངོས་ཡོད་གནས་སྟངས་ཐབས་སྡུག་པོ་དེའི་ཆེད་དུ་ཡ་ཁོག་སེམས་པ་སྙི་མོ་སྡུག་གིས་ནོན་བཞིན། དཔྲལ་བའི་མིག་ཟུང་མཆི་མས་བསྒྲིབས་བཞིན། གོག་པའི་ལག་པ་འདར་བཞིན་དུ་ཨུ་ཚུགས་ཤིག་གིས་རེ་བའི་ཐོག་རེ་བ་བརྩེགས། ལྷག་བསམ་ཐོག་ཡིད་ཆེས་བསྡོམས་ཏེ་རང་ཡུལ་རང་མི་ལ་ཕྲན་བུ་ཕན་ན་སྙམ་སྟེ་བྲིས་པ་ཞིག་ཡིན་པས་ཡོད་ཚད་ཀྱི་ངའི་བསམ་པ་དང་ཀུན་སློང་འདི་ཤེས་པར་གྱིས་ལ་དོན་སྙིང་སེམས་ལ་བཟུང་སྟེ་གང་ཐུབ་ཅི་ཐུབ་ཀྱིས་ལག་ལེན་དུ་བྱོས།

རང་ཅག་གི་ཕ་མེས་ཡང་མེས་ཀྱི་དྲིན་ཆེན་མེས་པོ་ཁྲི་ཚོ་དུ་མས། གཟུགས་མེད་ཀྱི་ལྷ་འདྲེ་ཁྲི་ཚོ་དུ་མས། ས་འདི་དང་ཡུལ་འདི་ནས་ཀྱག་ཀྱོག་དང་རྙོག་འཛིངས་ཅན་གྱི་རྐྱེན་ངན་པའི་བར་གཅོད་ཀྱི་དཀའ་ཁག་རབ་དང་རིམ་པ་མཐར་ཆགས་སུ་གདོང་ལེན་འཐབ་རྩོད་རྒྱུན་འཁྱོངས་ཀྱིས་མི་རབས་ནས་མི་རབས་བར་ཐུན་གསུམ་ཉིན་མོར་བསྒྲིལ། ཉིན་མོ་ཞག་ཏུ་བསྒྲིལ། ཞག་མ་ཟླ་གྲངས་སུ་བསྒྲིལ། ཟླ་བ་ལོ་ཐོག་ཏུ་བསྒྲིལ་བའི་མི་ལོ་ཆིག་སྟོང་ལྷག་ཙམ་གྱི་དུས་ཡུན་རིང་རྩ་ཆེའི་ཚེ་སྲོག་རྒྱུ་ནོར་དང་བཅས་པས་སྲུང་སྐྱོབ་མཐར་ཕྱིན་པར་བྱས་པའི་མཛེས་སྡུག་ལྡན་ལ་ཕུན་སུམ་ཚོགས་པའི་ཕ་ཡུལ་འདི་ཉིད་ད་ཆ་བལྟ་བ་མིག་གིས་མི་བཟོད། མཐོང་བ་སེམས་ནས་མི་བཟོད་པའི་གནས་སྟངས་ཐབས་སྡུག་པོ་འདི་འདྲ་ཞིག་མངོན་སུམ་དུ་མཐོང་ཞིང་ཐོས་ཙ་ན་ས་ཁད་ལེ་དབར་ཁྲི་མ་འབུམ་གྱི་བར་དུ་ཆོད་པས་ལུས་པོ་དངོས་ཞུགས་ཀྱིས་ས་ཐོག་ཡུལ་ཐོག་ཏུ་ནུས་ཤུགས་ཀྱི་འགན་འཁྲི་འཁུར་བའི་སྐལ་བ་ཟད་ཀྱང་འཇིག་རྟེན་གཅིག་པའི་ས་གཞི་ཆེན་པོ་འདིའི་སྟེང་དུ་གྱོང་བའི་སྤུས་མོ་ས་ལ་བཀུག་སྟེ། ལག་པའི་སྙིམ་པ་བྲང་ཁར་བཞག་སྟེ། སེམས་པ་དམར་པོ་ཁྱོད་ཚོར་གཏད་དེ། ད་ནས་བཟུང་རང་ཡུལ་རང་སྡེ་དང་སྐྱེ་འགྲོ་སྲོག་ཆགས་ཡོད་ཚད་བརྟན་ལྷིང་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱུན་མཐུད་དེ་འབད་བརྩོན་ཡོད་རྒུ་ནན་ཏན་དུ་བྱེད་རོགས་གྱིས་ཤིག་ཅེས་ཡང་ནས་ཡང་དུ་ཁྱེད་རྣམས་ལ་ཞུ་བ་བྱེད། རེ་བ་བྱེད། ཡིད་ཆེས་བྱེད། སྨོན་འདུན་བྱེད།

དེ་ལྟར་ཡུལ་འདིའི་བདག་པོ་ཡོངས་རྫོགས་ཏེ་མཐར་གཏུགས་ན་རྒྱ་མ་ཕུ་ཡི་འབྲོག་པ་རུ་ཁག་གཉིས་ཀྱི་ས་ཁོངས་ཡུལ་སྡེ་མན་ཆོད་ནས། མདའ་རྒྱ་མ་སྣོན་མདའི་ས་ཁོངས་ཡུལ་སྡེ་ཡན་ཆོད་ཀྱི་ཁོངས་སུ་གཏོགས་པའི་ཡུལ་འདིའི་ལྷ་སྡེ་མི་སྡེ་མཆིས་སོ་ཅོག་པ་ཐམས་ཅད་ཀྱིས་ལྷག་བསམ་རྣམ་པར་དག་པའི་བློ་སེམས་དང་ནུས་ཤུགས་ཡོད་རྒུ་གཅིག་ཏུ་བསྒྲིལ་ལ། ཀླད་པ་འགུལ་སྙིང་རུས་བསྐྱེད། རྒྱུན་འཁྱོངས་ཀྱིས་བརྩོན་འགྲུས་རྩོམ། སེམས་དང་ལག་ལེན་གཅིག་ཏུ་གྱིས། བྱས་པའི་ལས་ལ་གྲུབ་པའི་མཐའ་ཡོད། རྟེན་འབྲེལ་ལ་བསླུ་བ་མེད། ལས་རྒྱུ་འབྲས་ལ་ཡིད་ཆེས་བྱོས། གསོན་ན་ཡུལ་འདིའི་མི་དང་ཤི་སོང་ནའང་ཡུལ་འདིའི་འདྲེ་ཡིན་སྙམ་པའི་གནས་ལུགས་འདི་དང་འདི་དག་གི་སྟེང་ནས་ལག་ལེན་དུ་འགྲོ་ཨེ་ཐུབ་རེ་ལྟོས། དེ་དང་ཆབས་ཅིག་ཏུ་དུས་དང་རྣམ་པ་ཀུན་ཏུ་ཡུལ་མི་ཡིན་ནོ་ཅོག་ཐམས་ཅད་མཐུན་ལམ་རྡོག་རྩ་ཆིག་བསྒྲིལ་ཐོག་རྒན་རབས་རྣམས་ལ་གུས་བཀུར་དང་བརྩི་མཐོང་བྱོས། ཡུལ་ཞེན་བློ་གྲོས་ཅན་རྣམས་ཀྱི་ཁ་ལ་ཉོན། གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་སློབ་སྦྱོང་རིགས་ལ་འབད་པས་དང་དོད་གྱིས། ལྷག་བསམ་དང་ཤེས་ཡོན་ལྡན་པའི་མི་སྣ་བདག་པོ་རྒྱོབ། སྤྱིར་ཡུལ་མི་ནང་ཁུལ་དབར་གནས་ཚུལ་གསལ་པོ་མ་ཤེས་པའམ་ཤེས་བཞིན་དུ་དབྱེན་སྦྱོར་དཀྲུག་ཤིང་རིགས་གཏན་ནས་བྱེད་མི་ཉན། ནང་ཁུལ་ཕྱོགས་རིས་དང་བསམ་པ་མི་མཐུན་པ་འདིས་ཕྱི་ནང་གི་དོན་ཆེན་མི་འགྲུབ་ལ་དེ་བས་སྤྱི་དོན་རས་སུ་བོར་འགྲོ། ཡུལ་སྡེ་མི་སྡེ་སྤྱི་ཚོགས་སུ་གནོད་གཞིའི་རིགས་བྱུང་ན་འབད་པས་རྒྱུ་མཚན་དང་བཅས་ཏེ་བཀག་འགོག་ནན་པོ་བྱོས།

ལྷག་པར་དུ་ཁྲིམས་ལུགས་དང་བྱ་སྤྱོད་ཚུལ་མཐུན་གྱི་ལམ་ནས་ཡར་རྒྱས་སུ་འགྲོ་དང་འགྲོ་བཞིན་པའི་ཚོགས་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་ནའང་རང་ཡུལ་རང་མི་ལ་དུང་ཞེན་གྱི་བསམ་པ་རྒྱ་ཆེ་ཆུང་ལ་མ་ལྟོས་པར་དགོས་སར་ཏན་ཏན་ཕན་པ་ངེས་ཅན་ཞིག་སྒྲུབ་ཐུབ་པས་དེ་རིགས་ལ་ཁ་མིག་ཡར་བལྟ་མ་གཏོགས་གང་བྱུང་ཁུངས་མེད་གཏམ་འཆལ་གྱི་རང་གཞན་ཀུན་ལ་ཕན་མེད་གནོད་གཞིའི་རིགས་གཏན་ནས་བྱེད་མི་ཉན། མདོར་ན་རྒན་གཞོན་བར་གསུམ་གྱི་ཡུལ་མིར་གྱུར་བ་ཡོད་དོ་ཅོག་ཐམས་ཅད་ཀུན་པོ་ཕན་ཚུན་སེམས་དང་བསམ་པ་གཅིག་པའི་དམ་ཚིག་གཙང་ཞིང་སྡོག་སྣེ་གཅིག་པའི་མཐུན་སྒྲིལ་ནུས་ཤུགས་དམ་ཟབ་ཡོད་པར་གྱིས། ས་མཐའ་ཡུལ་མཐའ་འདི་ནས་ཀྱང་རང་ཡུལ་རང་མི་ལ་དུངས་ཞེན་སེམས་པ་དམར་པོ་འབྲལ་མེད་ཡ་ཁོག་ཏུ་བཅུག་པའི་ངེད་ཅག་རྣམས་ཀྱིས་ཀྱང་མིག་ཟུང་ཧྲིག་ཧྲིག་དང་། རྣ་ཅོག་ཀྲོང་ཀྲོང་། སེམས་པ་དུངས་དུངས་ཀྱིས་ཁྱེད་རྣམས་ཀྱི་སྤྱིར་འཚོ་བའི་གནས་སྟངས་དང་། སྒོས་ཡུལ་སྡེའི་གོད་ཆགས། མདོར་ན་ང་དང་ང་ཚོ། ཁྱོད་དང་ཁྱོད་ཚོའི་ལས་དབང་བཙན་པོ་ཞིག་གིས་ས་སྣེ་གཅིག་དང་ཆུ་སྣེ་གཅིག་ཏུ་མཉམ་དུ་དམ་པོར་སྦྲེལ་བའི་གཅེས་པའི་ཕ་ཡུལ་ཏེ་ " རྒྱ་མ་ " ཞེས་མིང་དུ་གྲགས་པའི་ཡུལ་འདིའི་སྣོད་བཅུད་ཀྱི་བདེ་སྡུག་འབྲེལ་ཆགས་ཡོད་ཚད་ལ་ནམ་ཡང་བལྟ་གིན་དང་སེམས་ཀྱིན་དུ་ཡོད།།  །།    

མཇུག་བསྡུ་བ། ལས་ཀྱིས་བསྡུས་པའི་སྐྱེས་ཡུལ་དང་རང་ཉིད་ཀྱི་བྱིས་པ་གཞོན་ནུའི་དུས་སྐབས་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་བདེ་སྡུག་ཏུ་གྱུར་བའི་མཐོང་ཆོས་ཀྱི་འཚོ་བ་སྤྱི་དང་། ཁྱད་པར་དུ་མངོན་གསལ་མིན་པའི་ནང་སེམས་ཀྱི་ཚོར་འདུ་དང་དྲན་འཆར། བསམ་འདུན་དང་སྨོན་སེམས། རེ་བ་དང་ཡིད་ཆེས་སོགས་དགའ་སྐྱོ་སྡུག་གསུམ་དང་འབྲེལ་བའི་གསང་བའི་གཏམ་རྒྱུད་ལ་སོགས་པ་འདི་དག་ཡོད་ཚད་ཐམས་ཅད་རི་ཀླུང་ཐང་གསུམ་དུ་འཐོར་ཅིང་། གསལ་ལ་མི་གསལ་བའི་རྐང་ལག་གི་རྗེས་ཤུལ་གྲངས་མེད་དུ་བཏབ་པའི་ངའི་དགའ་ཞེན་ཆེས་ཆེར་ལྡན་པའི་ཆུང་དུས་ཀྱི་ཡུལ་དེ་དང་གནས་དེ་ནས་ཁ་བྲལ་ཏེ་ད་ཆ་གྲངས་བྱ་ཉེར་བརྒྱད་ཧྲིལ་པོ་འཁོར་ཅིང་། ཁྱིམ་གཞིས་ནང་མི་ལྟོས་བཅས་ཀྱང་གནས་སྤོས་ཀྱི་མི་ལོ་ཉི་ཤུ་ལྷག་འདས་ཟིན་པའི་དེ་རིང་སྟེ། དུས་ནམ་ཡང་། ང་དང་ངའི་ནང་མི་གཅེན་གཅུང་ཡོད་ཚད་ནི། ཡུལ་དེ་དང་ས་དེ་ན་རང་སྡེ་རང་མིར་དུངས་ཞེན་བརྩེ་བ་ཟབ་ཅིང་སྒོས་སུ་རང་ཉིད་ཀྱི་ཤ་ལས་ཆད་པའི་བུ་ཕྲུག་རྣམས་ལ་གཅེས་སྐྱོང་དང་སློབ་གསོ། སྒྲིག་ལམ་ཀུན་སྤྱོད་སོགས་ཤུལ་རིང་མི་ཚེའི་མདུན་ལམ་གྱི་ཁ་ཕྱོགས་ཡོད་ཚད་བདེ་འཇགས་ཚགས་ཚུད་ཐབས་སུ་སྦྱོར་མཁས་ཀྱི་ཕུལ་བྱུང་ཇི་སྲིད་ནམ་མཁའ་གནས་ཀྱི་བར་གཞལ་བར་དཀའ་ཞིང་དྲིན་གྱི་ཆེས་ལྕི་བའི་མ་དམ་པ་མཆོག་དེ་ཉིད་ཀྱི་བུ་རྒྱུད་བསྙོན་མེད་ཅིག་དང་ས་དེ་དང་ཡུལ་དེའི་ལྷད་མེད་ཀྱི་དྭངས་གཙང་མི་རིགས་ཤིག་ཡིན་པས་ངས་དེ་ལྟར་དུ་བསམས། ངས་དེ་ལྟར་དུ་བཤད། ངས་དེ་ལྟར་དུ་བྲིས།།

0 མཆན།:

Post a Comment