2014-12-25


༄༅། །ལང་ལོང་སྤྲིན་དཀར་འཕྱུར་བའི་ལྷ་སའི་ཤར་ཕྱོགས་ན།།
དར་དིར་བུང་བས་ཅི་གར་རོལ་བའི་ལྗོན་པའི་ཚལ།།
ལྷབ་ལྷུབ་གཡོ་བའི་ལྷུན་པོ་དང་ནི་ཆུ་སོགས་ལྗོངས།།
རབ་རིབ་ཡོངས་བྲལ་མཛེས་པའི་འཕགས་ཡུལ་རྒྱ་མར་བསྔགས།།

དེ་ཡང་མལ་གྲོ་གུང་དཀར་རྫོང་ཁོངས་སྣོན་རྒྱ་མ་ཞེས་བྱ་བའི་ཡུལ་འདི་ནི་ལྷ་སའི་ཤར་ངོས་ཀྱི་སྤྱི་ལི་ ༧༠ ཙམ་གྱི་སར་གནས་ཡོད་ཅིང་། ཡུལ་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་དུ་མཁས་མང་དུ་མའི་ལོ་རྒྱུས་ལས་གསལ་བར་གསུངས་པ་ལྟར་དོན་ལ་གནས་ཞིང་། དེ་ཡང་ཡབ་གནམ་རི་སྲོང་བཙན་མལ་གྲོའི་ཡུལ་སོགས་ལ་ཆོས་སྲིད་ཀྱི་མཛད་པ་བསྐྱངས་པའི་ལོ་རྒྱུས་སོགས་ཏུན་ཧོང་གི་ཡིག་རྙིང་ལའང་གསལ་བ་སོགས་ཀྱིས་ས་བབ་འབྲེལ་མཚུངས་ཀྱི་དོན་ལ་གནས་པ་ཞིག་ཀྱང་ཡིན། ཡུལ་དེའི་ནུབ་རིའི་ངོས་སུ་ཆོས་རྒྱལ་འཁྲུངས་ཡུལ་ཕོ་བྲང་མི་འགྱུར་བྱམས་པ་གླིང་གི་ཁང་ཤུལ་དང་ཕྲེང་འགོ་ཆུ་མིག་ཅེས་པ་ཞིག་ཡོད་ཅེས་ཕ་བོང་ཁའི་གནས་ཡིག་ཏུ་གསལ་པོར་འཁོད་པ་ (དུས་ད་ལྟའང་བསྡད་ཡོད་པར་གྲགས།) དེ་བཞིན་ལུང་པའི་མདའི་ཤར་ངོས་རི་ལྡེབས་སུ་རྒྱལ་པོའི་སྐུ་མཁར་ཞེས་རི་ཟུར་སྟེང་བཙན་རྫོང་ལྟ་བུའི་ནང་དེ་སྔ་སྲོང་བཙན་གྱི་འདྲ་སྐུ་འཇིམ་བཟོས་ཐོག་ཚད་ཙམ་ཞིག་བཞུགས་པ་དབུའི་ལ་ཐོད་ཀྱང་ནག་པོའི་དཀྱིལ་དུ་ཨ་མོ་དེ་ལྦས་བརྒྱན་པ་ཞིག་མཇལ་རྒྱུ་ཡོད། (སྐུ་རྙིང་དེ་རིག་གནས་གསར་བརྗེའི་སྐབས་སུ་གཏོར་བཤིགས་སུ་བཏང་ཡང་རྗེས་སུ་དད་ལྡན་ཡུལ་མི་རྣམས་ཀྱིས་སྔར་ཤུལ་དུ་གསར་བཞེངས་གནང་ཡོད།) སྤྱིར་སྣོན་རྒྱ་མ་ནི་ཡུལ་དབུས་རི་བར་བསྐོར་དུ་གྲགས་པའི་རི་བོ་ཆེན་པོ་མང་པོའི་ནང་ཚན་རི་བོ་མཎྜལ་ཞེས་པའི་འདབས་སུ་ཆགས་ཡོད་པ་དང་ཡུལ་དེར་རྩྭ་ཆུ་ཤིང་གསུམ་འཛོམས་ལ་གཅན་གཟན་རི་དྭགས་དང་བྱ་བྱེའུ་སྣ་ཚོགས་ཡོད་ཅིང་། ཡུལ་མི་རྣམས་ཀྱང་རྣམ་དཀར་གྱི་ལས་ལ་སྤྲོ་བ། ཞིང་འབྲོག་རྣམས་དཔལ་ཡོན་གྱི་ཕྱུག་པ། གཞན་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་སུ་བོད་ཁྲི་སྐོར་བཅུ་གསུམ་བཙུགས་སྐབས་དབུས་སྟོད་རྒྱ་མ་ཁྲི་ཁང་འདི་བཞིན་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ཡིན་པ་ཡིག་རྙིང་མང་པོས་ར་འཕྲོད་ཐུབ་པ་མ་ཟད། མིང་དུའང་རྒྱ་མ་ཁྲི་ཁང་ཞེས་པའི་མིང་དེ་སྐབས་དེར་ཆགས། གཞན་ཡང་ཡུལ་དེར་རྩ་ཆེའི་གནས་བཞི་དང་། དགོན་པ་བརྒྱད་དུ་གྲགས་པ་རེ་ཟུང་མ་གཏོགས་གཞན་རྣམས་ད་འྟའང་དགོན་ཤུལ་མཇལ་རྒྱུ་ཡོད།

གནས་བཞི་ནི།

༡༽རྒྱ་མའི་ཤར་གྱི་ཕུར་གཡུ་ཁུངས་བྲག་ཅེས་གྲགས་པའི་སློབ་དཔོན་པདྨའི་སྒྲུབ་ཁང་བྲག་ཕུག་ཏུ་མི་གྲངས་བརྒྱ་ཕྲག་མང་པོ་གཤོམ་པའི་སྒྲུབ་ཁང་ངོ་མཚར་ཅན་དང་།

༢༽དེའི་ཉེ་འཁྲིས་སུ་རྒྱལ་བ་ཀློང་ཆེན་རབ་འབྱམས་པའི་སྒྲུབ་ཁང་ལྕོག་ལ་ཞེས་པ་དེར་ད་ལྟ་དམ་ཅན་དང་། རྡོ་རྗེ་གཡུ་སྒྲོན་མའི་ལྷ་རྟེན་བྲག་འབུར་དུ་ཐོན་པ་ཞིག་ཡོད།

༣༽ལྷོའི་སྤྱི་བོ་རིའི་ནུབ་ངོས་སུ་བཟང་ལུང་རི་ཁྲོད་ཞེས་པ་སྔར་སྐྱེས་ཆེན་དམ་པ་མང་པོས་བསྒོམ་སྒྲུབ་ཉམས་ལེན་གནང་སྟེ་བཞུགས་མྱོང་བའི་གནས་བྱིན་རླབས་ཅན་དང་།

༤༽སྣོན་རྒྱ་མའི་ནུབ་ངོས་ཀྱི་ཕུར་སྐུ་རྙིང་མཐོ་གང་ཙམ་གྱི་ཚད་དུ་མཆིས་པའི་དཔལ་མགོན་ཞལ་བཞི་གསུངས་བྱོན་གནས་པ་དམ་པ་མང་པོས་སྒྲུབ་པ་མཛད་མྱོང་བའང་གནས་ཡིག་ཏུ་གསལ། དེ་བཞིན་དགོན་པ་བརྒྱད་ནི། ཕྱི་ལོ་ ༡༡༠༠ ནང་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་སྣེ་ཟུར་བའི་དངོས་སློབ་གྱེར་སྒོམ་པ་ཆེན་པོ་གཞོན་ནུ་གྲགས་ཀྱིས་ཕྱག་བཏབ་པའི་རིན་ཆེན་སྒང་གི་དགོན་པ་(༡)རྒྱ་མའི་ཕུར་ཐུགས་ལྕགས་ཞེས་པའི་ས་ཡི་ཐིག་ལེར་ཨ་ནིའི་དགོན་པ་ཞིག་གི་དགོན་ཤུལ་ཡོད་པ། སྒྲུབ་ཁང་གསར་པ་དང་། (༣)སྒྲུབ་ཁང་རྙིང་པ། བཅས་ལ་གྲྭ་པ་བརྒྱད་བརྒྱ་ཙམ་འདུས་མྱོང་ཡོད་པ་དང་། རྒྱ་མ་ཁྲི་ཁང་གི་ལྕགས་རིའི་ནང་གྱེར་སྒོམ་པའི་ཐུགས་སྲས་འགྲོ་མགོན་སངས་རྒྱས་དབོན་གྱིས་ཕྱག་བཏབ་པའི་ (༤)མཆོད་ཁང་གོང་མ། (༥)མཆོད་ཁང་འོག་མ་གཉིས་དང་། (༦)སྣོན་དུམ་བུ་རིར་དགེ་བའི་བཤེས་གཉེན་ཆེན་པོ་བྱང་ཆུབ་སེམས་པ་ཟླ་བ་རྒྱལ་མཚན་གྱིས་ཕྱག་བཏབ་པའི་དགོན་པ་སྐུ་ཕྲེང་ལྔ་བའི་སྐུ་དུས་བར་ཞུགས་པ། (༧)གཡའ་མ་རིང་མོའི་ཤར་རིའི་ལྡེབས་སུ་དཔའ་ལའི་སྒང་གི་དགོན་པ་ད་ལྟ་དགོན་ཤུལ་ཙམ་མཆིས། (༨)རྒྱ་མ་ལྟག་ཤུག་ནུབ་རིའི་ངོས་སུ་ཡོད་པའི་དགོན་པ་ལོོ་རབ་བརྒྱད་བཅུ་དགུ་བཅའི་ནང་དུའང་དགོན་ཤུལ་གྱི་གྱང་རོ་ཙམ་ཡོད་པ་བཅས་ཀྱི་ལོ་རྒྱུས་མདོ་ཙམ་ཕྲན་རྒྱ་མ་བ་དགའ་ཤར་རྟ་དབོན་དགེ་བཤེས་བློ་བཟང་དངོས་གྲུབ་ཀྱིས་ཁུངས་བཏུག་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བེ་ཌུ་རྱ་་དང་། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་ཁྲི་ཁང་ཆོས་རྟེན་འབུམ་པའི་ལོ་རྒྱུས་ཀྱི་ཕྱག་དཔེ། བོད་ནས་ཐོན་པའི་དུས་དེབ་གང་ལྗོངས་རིག་གནས་ཞེས་པ་བཅས་ལས་བཏུས་པའོ།

0 མཆན།:

Post a Comment