
དྲི་བ། བདེན་པ་བཞི་དེ་གང་དག་ཡིན་ནམ།
ལན། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་དང་བཞི་ཡིན།
དྲི་བ། སྡུག་བསྔལ་བདེན་པའི་གོ་དོན་གང་ཡིན་ནམ།
ལན། ཀུན་ནས་ཉོན་མོངས་པའི་བདེན་གང་ཞིག་རང་རྒྱུ་ཀུན་འབྱུང་བདེན་པ་ལས་བྱུང་བའི་འཁོར་བའི་བསྡུས་པ་དེ་ཡིན།
དྲི་བ། སྡུག་བསྔལ་ལ་གསུམ་དེ་གང་དག་ཡིན་ནམ།
ལན། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་ཡིན།
དྲི་བ། སྡུག་བསྔལ་གྱི་སྡུག་བསྔལ་ཟེར་ན་གང་ཞིག་ལ་ཟེར།
ལན། ངན་སོང་གསུམ་གྱི་ཚ་གྲང་གི་སྡུག་བསྔལ་དང༌། ལྷ་མིའི་སྐྱེས་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཟེར།
དྲི་བ། འགྱུར་བའི་སྡུག་བསྔལ་ཟེར་ན་གང་ཞིག་ལ་ཟེར།
ལན། ཟག་བཅས་ཀྱི་བདེ་བ་ཐམས་ཅད་ལ་འགྱུར་བའི་སྡུག་བསྔལ་ཟེར།
དྲི་བ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར་ན་གང་ཞིག་ལ་ཟེར།
ལན། རང་རྒྱུད་ཀྱི་བསྡུས་པའི་བདག་འཛིན་མ་རིག་པ་དེ་དང༌། དེ་ལས་བྱུང་བའི་ཉོན་མོངས་ཐམས་ཅད་ལ་ཟེར།
དྲི་བ། དམྱལ་བའི་སྡུག་བསྔལ་ལ་ག་ཚོད་ཡོད་དམ།
ལན། དམྱལ་བ་པ་ལ་ཚ་བའི་སྡུག་བསྔལ་དང༌། གྲང་བའི་སྡུག་བསྔལ་གཉིས་ཡོད།
དྲི་བ། དམྱལ་བ་ལ་བཞི་དེ་གང་དག་ཡིན་ནམ།
ལན། ཚ་དམྱལ། གྲང་དམྱལ། ཉེ་འཁོར་བའི་དམྱལ་བ། ཉེ་ཚེ་བའི་དམྱལ་བ་དང་བཞི་ཡོད།
དྲི་བ། ཡིད་དྭགས་ཀྱི་སྡུག་བསྔལ་ལ་ག་ཚོད་ཡོད་དམ།
ལན། ཡིད་དྭགས་ལ་བཀྲེལ་སྐོམ་གྱྀ་སྡུག་བསྔལ་གཉིས་ཡོད།
དྲི་བ། མིའི་སྡུག་བསྡལ་ལ་ག་ཚོད་ཡོད་དམ།
ལན། མི་ལ་སྐྱེས་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ་དང་བཞི་ཡོད།
དྲི་བ། ཀུན་འབྱུང་བདེན་པའི་ངོ་བོ་གང་ཡིན་ནམ།
ལན། ཀུན་ནས་ཉོན་མོངས་པའི་བདེན་པ་གང་ཞིག་རང་འབྲས་སྡུག་བསྔལ་བདེན་པ་སྐྱེ་བྱེད་ཀྱི་འཁོར་བའི་བསྡུས་པ་དེ་
ཡིན།
དྲི་བ། ཀུན་འབྱུང་ལ་གཉིས་དེ་གང་ཡིན་ནམ།
ལན། ཀུན་འབྱུང་གཉིས་ནི་ལས་ཀྱི་ཀུན་འབྱུང་དང༌། ཉོན་མོངས་པའི་ཀུན་འབྱུང་གཉིས་ཡོད།
དྲི་བ། ལས་ཀྱི་ཀུན་འབྱུང་ལ་གསུམ་དེ་གང་ཡིན་ནམ
ལན། བསོད་ནམས་ཀྱི་ལས། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་དང་གསུམ་ཡོད། ཡང་ལས་ལ་སེམས་པའི་ལས་དང༌། བསམ་པའི་ལས་གཉིས་སུ་དབྱེ་འང་ཡོད།
དྲི་བ། ལས་ཀྱི་འབྲས་བུ་ལ་གསུམ་དེ་གང་དག་ཡིན་ནམ།
ལན། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་དང་གསུམ་ཡོད།
དྲི་བ། ཉོན་མོངས་པའི་ཀུན་འབྱུང་ལ་ག་ཚོད་ཡོད་དམ།
ལན། ཉོན་མོངས་པའི་ཀུན་འབྱུང་ལ་རྩ་ཉོན་དྲུག་དང༌། ཉེ་ཉོན་ཉི་ཤུ་བཅས་ཡོད།
དྲི་བ། རྩ་ཉོན་དྲུག་དེ་གང་དག་ཡིན་ནམ།
ལན། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཉོན་མོངས་ཅན་གྱི་མ་རིག་པ། ཉོན་མོངས་ཅན་གྱི་ལྟ་བ། ཉོན་མོངས་ཅན་གྱི་ཐེ་ཚོམ་དང་དྲུག་ཡོད།
དྲི་བ། ཉེ་ཉོན་ཉི་ཤུ་དེ་གང་དག་ཡིན་ནམ།
ལན། ཁྲོ་བ། ཁོན་འཛིན། འཚིག་པ། འཆག་པ། སེར་སྣ། ཕྲག་དོག། གཡོ་སྒྱུ། རྒྱགས་པ། རྣམ་འཚེ། ངོ་ཚ་མེད་པ། ཁྲེལ་མེད་པ། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། བརྗེད་ངེས། བག་མེད་པ། རྣམ་པར་གཡེང་བ། ཤེས་བཞིན་མ་ཡིན་པ་དང་ཉི་ཤུ་ཡོད།
དྲི་བ། རྒྱུ་ཀུན་འབྱུང་ལས་འབྲས་བུ་གང་འབྱུང་ངམ།
ལན། རང་རྒྱུ་ཀུན་འབྱུང་ལས་རང་འབྲས་སྡུག་བསྔལ་འབྱུང་བ་ཡིན།
དྲི་བ། འགོག་བདེན་གྱི་ངོ་བོ་གང་ཡིན་ནམ།
ལན། རང་ཐོབ་བྱེད་ཀྱི་ལམ་བདེན་གྱིས་སྤང་བྱ་སྤངས་པའི་བྲལ་བ་དེ་ཡིན།
དྲི་བ། འགོག་བདེན་ལ་ག་ཚོད་ཡོད་དམ།
ལན། ཉན་ཐོས་ཀྱི་འགོག་བདེན། རང་རྒྱལ་གྱི་འགོག་བདེན། ཐེག་ཆེན་གྱི་འགོག་བདེན་དང་གསུམ་ཡོད།
དྲི་བ། ལམ་གྱི་བདེན་པའི་མཚན་ཉིད་གང་ཡིན་ནམ།
ལན། རང་གི་འཐོབ་བྱ་འགོག་བདེན་གྱི་བྲལ་རྒྱུ་གྱུར་པའི་འཔགས་རྒྱུད་ཀྱི་རྣམ་བྱང་བདེན་པ་དེ་ཡིན།
དྲི་བ། ལམ་བདེན་ལ་ག་ཚོད་ཡོད་དམ།
ལན། ཉན་ཐོས་ཀྱི་ལམ་བདེན། རང་རྒྱལ་གྱི་ལམ་བདེན། ཐེག་ཆེན་གྱི་ལམ་བདེན་དང་གསུམ་ཡོད།
དྲི་བ། སྡུག་བདེན་གྱི་རྣམ་པ་བཞི་དེ་གང་དག་ཡིན་ནམ།
ལན། སྟོང་བ། སྡུག་བསྔལ་བ། མི་རྟག་པ། བདག་མེད་པ་དང་བཞི་ཡིན།
དྲི་བ། སྡུག་བདེན་གྱི་རྣམ་པ་ལ་ལོག་པར་ཞུགས་པ་བཞི་དེ་གང་དག་ཡིན་ནམ
ལན། མི་གཙང་པ་ལ་གཙང་བ། སྡུག་བསྔལ་བ་ལ་བདེ་བ། མི་རྟག་པ་ལ་རྟག་པ། བདག་མེད་པ་ལ་བདག་ཏུ་འཛིན་པ་དང་བཞི་ཡིན།
དྲི་བ། ཀུན་འབྱུང་བདེན་པའི་རྣམ་པ་ལ་བཞི་དེ་གང་དག་ཡིན་ནམ།
ལན། རྒྱུ། ཀུན་འབྱུང༌། རབ་སྐྱེ། རྐྱེན་གྱི་རྣམ་པ་དང་བཞི་ཡིན།
དྲི་བ། ཀུན་འབྱུང་བདེན་པའི་རྣམ་པ་ལ་ལོག་ཞུགས་བཞི་དེ་གང་དག་ཡིན་ནམ།
ལན། སྡུག་བསྔལ་རྒྱུ་མེད་དུ་འཛིན་པ། རྒྱུ་གཅིག་ཁོ་ནས་བྱས་པར་འཛིན་པ། དབང་ཕྱུག་སོགས་ཀྱི་བློའི་གཡོ་བ་
སྔོན་དུ་བཏང་ནས་བྱས་པར་འཛིན་པ། རང་བཞིན་རྟག་ལ་གནས་སྐབས་མི་རྟག་པར་འཛིན་པ་དང་བཞི་ཡོད།
དྲི་བ། འགོག་བདེན་གྱི་རྣམ་པ་བཞི་དེ་གང་དག་ཡིན་ནམ།
ལན། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་གི་རྣམ་པ་དང་བཞི་ཡིན།
དྲི་བ། འགོག་བདེན་གྱི་རྣམ་པ་ལ་ལོག་ཞུགས་བཞི་དེ་གང་དག་ཡིན་ནམ།
ལན། ཐར་པ་ཡེ་མེད་དུ་འཛིན་པ། ཟག་བཅས་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ། ཉོན་མོངས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ། ཉོན་མོངས་ལན་གཅིག་སྤངས་ཀྱང་སླར་ལྡོག་པར་འཛིན་པ་དང་བཞི་ཡིན།
དྲི་བ། ལམ་བདེན་གྱི་རྣམ་པ་བཞི་དེ་གང་དག་ཡིན་ནམ།
ལན། ལམ། རིགས་པ། སྒྲུབ་པ། ངེས་འབྱིན་གྱི་རྣམ་པ་དང་བཞི་ཡིན།
དྲི་བ། ལམ་བདེན་གྱི་རྣམ་པ་ལ་ལོག་ཞུགས་བཞི་དེ་གང་དག་ཡིན་ནམ།
ལན། ཐར་ལམ་ཡེ་མེད་དུ་འཛིན་པ། བདག་མེད་རྟོགས་པའི་ཤེས་རབ་ཐར་ལམ་མ་ཡིན་པར་འཛིན་པ། བསམ་གཏན་གྱི་ཁྱད་པར་འགའ་ཞིག་ཐར་ལམ་དུ་འཛིན་པ། སྡུག་བསྔལ་གཏན་ཟད་དུ་བྱེད་པའི་ལམ་མེད་པར་འཛིན་པ་དང་བཞི་ཡིན།
0 མཆན།:
Post a Comment
Click to see the code!
To insert emoticon you must added at least one space before the code.