2013-12-30

དྲི་བ། བསྡུས་གྲྭ་ཐོག་མ་གསུང་པ་པོ་སུ་ཡིན་ནམ།

ལན། རིགས་པ་སྨྲ་བའི་དབང་ཕྱུག་ཕྱྭ་པ་ཆོས་ཀྱི་སེངྒེ་ཡིན།

དྲི་བ། བསྡུས་གྲྭ་དེ་སྤྱི་ལོ་དང༌། དུས་རབས་གང་གི་ནང་བྱུང་བ་ཡིན་ནམ།

ལན། དེ་ནི་སྤྱི་ལོ་༡༡༦༩ལོ་དང༌། དུས་རབས་བཅུ་གཉིས་པའི་ནང་བྱུང་བ་ཡིན།
དྲི་བ། བསྡུས་གྲྭའི་གཞུང་ལ་ཁྱོན་བསྡོམས་བསྡུས་ཚན་ག་ཚོད་ཅིག་ཡོད་དམ།

ལན། ཁྱོན་བསྡོམས་བསྡུས་ཚན་ཉེར་བརྒྱད་ཙམ་ཡོད་པ་བཤད།

དྲི་བ། བསྡུས་གྲྭའི་ལན་གདབ་ཚུལ་ལ་ག་ཚོད་ཡོད་དམ།

ལན། དེ་ལ་འདོད་དང༌། ཅིའི་ཕྱིར་དང༌། རྟགས་མ་གྲུབ་དང༌། ཁྱབ་པ་མ་བྱུང་དང་བཅས་བཞི་ཡོད།

དྲི་བ། ཁ་དོག་གི་མཚན་ཉིད་གང་ཡིན་ནམ།

ལན། ཁ་དོག་གི་མཚན་ཉིད་ནི། མདོག་དུ་རུང་བ་དེ་ཡིན།

དྲི་བ། ཁ་དོག་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། དེ་ལ་རྩ་བའི་ཁ་དོག་དང༌། ཡན་ལག་གི་ཁ་དོག་གཉིས་ཡོད།

དྲི་བ། རྩ་བའི་ཁ་དོག་གི་མཚན་ཉིད་གང་ཡིན་ནམ།

ལན། རྩ་བའི་མདོག་དུ་རུང་བ་དེ་རྩ་བའི་ཁ་དོག་གི་མཚན་ཉིད་ཡིན།

དྲི་བ། རྩ་བའི་ཁ་དོག་ལ་དབྱེ་ན་ག་ཚོད་དམ།

ལན། དེ་ལ་སྔོན་པོ་དང༌། སེར་པོ་དང༌། དཀར་པོ་དང༌། དམར་པོ་དང་བཅས་བཞི་ཡོད།

དྲི་བ། ཡན་ལག་གི་ཁ་དོག་གི་མཚན་ཉིད་དེ་གང་ཡིན་ནམ།

ལན། ཡན་ལག་གི་མདོག་དུ་རུང་བ་དེ་ཡན་ལག་གི་ཁ་དོག་གི་མཚན་ཉིད་ཡིན།

དྲི་བ། ཡན་ལག་གི་ཁ་དོག་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། དེར་གྱུར་པའི་སྣང་བའི་ཁ་དོག དེར་གྱུར་པའི་སྤྲིན་གྱི་ཁ་དོག། དེར་གྱུར་པའི་མུན་པའི་ཁ་དོག དེར་གྱུར་པའི་དུ་བའི་ཁ་དོག དེར་གྱུར་པའི་རྡུལ་གྱི་ཁ་དོག དེར་གྱུར་པའི་གྲིབ་མའི་ཁ་དོག དེར་གྱུར་པའི་ཁུང་སྣའི་ཁ་དོག དེར་གྱུར་པའི་ཉི་མའི་འོད་ཟེར་གྱི་ཁ་དོག་དང་བརྒྱད་ཡོད།

དྲི་བ། དབྱིབས་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། དབྱིབས་སུ་རུང་བ་དེ་དབྱིབས་ཀྱི་མཚན་ཉིད་ཡིན།

དྲི་བ། དབྱིབས་གཟུགས་ལ་བརྒྱད་དེ་གང་ཡིན་ནམ།

ལན། དེ་ལ་རིང་བའི་གཟུགས་དང་ཐུང་བའི་གཟུགས། མཐོ་བའི་གཟུགས་དང་དམའ་བའི་གཟུགས། གྲུ་བཞིའི་གཟུགས་དང་ཟླུ་པོའི་གཟུགས། ཕྱ་ལེབ་པའི་གཟུགས་དང་ཕྱ་མི་ལེབ་པའི་གཟུགས་དང་བརྒྱད་ཡིན

དྲི་བ། མིའི་མཚན་ཉིད་གང་ཡིན་ནམ།

ལན། སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་ཡིན།

དྲི་བ། ཀ་བའི་མཚན་ཉིད་གང་ཡིན་ནམ།

ལན། གདུང་བརྟེན་གྱི་དོན་བྱེད་ནུས་པ་ཀ་བའི་མཚན་ཉིད་ཡིན།

དྲི་བ། ཤེས་བྱའི་མཚན་ཉིད་གང་ཡིན་ནམ།

ལན། བློའི་ཡུལ་དུ་བྱ་རུང་བ་དེ་ཤེས་བྱའི་མཚན་ཉིད་ཡིན།

དྲི་བ། ཤེས་བྱ་དང་དོན་གཅིགས་པའི་ཆོས་བཞི་དེ་གང་ཡིན་ནམ།

ལན། ཡོད་པ་དང༌། གཞལ་བྱ་དང༌། གཞི་གྲུབ་དང༌། ཆོས་དང་བཞི་ཡིན།

དྲི་བ། ཡོད་པའི་མཚན་ཉིད་གང་ཡིན་ནམ།

ལན། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་ཡིན།

དྲི་བ། གཞལ་བྱའི་མཚན་ཉིད་གང་ཡིན་ནམ།

ལན། ཚད་མས་རྟོགས་པ་བྱ་བ་གཞལ་བྱའི་མཚན་ཉིད་ཡིན།

དྲི་བ། གཞི་གྲུབ་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། ཚད་མས་གྲུབ་པ་གཞི་གྲུབ་ཀྱི་མཚན་ཉིད་ཡིན།

དྲི་བ། ཆོས་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། རང་གིས་ངོ་བོ་འཛིན་པ་ཆོས་ཀྱི་མཚན་ཉིད་ཡིན།

དྲི་བ། ཤེས་བྱ་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། དེ་ལ་དབྱེ་ན་རྟག་པ་དང༌། མི་རྟག་པ་གཉིས་ཡོད།

དྲི་བ། རྟག་པའི་མཚན་ཉིད་དེ་གང་ཡིན་ནམ།

ལན། སྐད་གཅིག་པ་མ་ཡིན་པའི་ཆོས་དེ་རྟག་པའི་མཚན་ཉིད་ཡིན།

དྲི་བ། མི་རྟག་པའི་མཚན་ཉིད་གང་ཡིན་ནམ།

ལན། སྐད་གཅིག་མ་མི་རྟག་པའི་མཚན་ཉིད་ཡིན།

དྲི་བ། མི་རྟག་པ་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། མི་རྟག་པ་ལ་དབྱེ་ན་གཟུགས། ཤེས་པ། ལྡན་མི་འདུས་བྱས་དང་གསུམ་ཡོད།

དྲི་བ། གཟུགས་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་ཡིན།

དྲི་བ། གཟུགས་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། གཟུགས་ལ་དབྱེ་ན་ཕྱི་གཟུགས་དང༌། ནང་གཟུགས་གཉིས་ཡོད།

དྲི་བ། ཕྱི་གཟུགས་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། གཟུགས་ཀྱི་སྐྱེ་མཆེད། སྒྲའི་སྐྱེ་མཆེད། དྲིའི་སྐྱེ་མཆེད། རོའི་སྐྱེ་མཆེད། རེག་བྱའི་སྐྱེ་མཆེད་དང་ལྔ་ཡོད།

དྲི་བ། གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། མིག་ཤེས་ཀྱི་གཟུང་བྱ་དེ་ཡིན།

དྲི་བ། གཟུགས་ཀྱི་སྐྱེ་མཆེད་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། དབྱིབས་དང་ཁ་དོག་གཉིས་ཡོད།

དྲི་བ། སྒྲའི་སྐྱེ་མཆེད་ཀྱི་མཚན་གང་ཡིན་ནམ།

ལན། རྣ་ཤེས་ཀྱི་མཉན་བྱ་དེ་ཡིན།

དྲི་བ། སྒྲ་ལ་གཉིས་དེ་གང་ཡིན་ནམ།

ལན། ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་དང༌། མ་ཟིན་པའི་འབྱུང་ལས་གྱུར་པའི་སྒྲ་གཉིས་ཡོད།

དྲི་བ། དྲིའི་སྐྱེ་མཆེད་ཀྱི་་མཚན་གང་ཡིན་ནམ།

ལན། སྣ་ཤེས་ཀྱི་སྣུམ་བྱ་དེ་ཡིན།

དྲི་བ། དྲི་ལ་དབྱེ་ན་གཉིས་དེ་གང་ཡིན་ནམ།

ལན། ལྷན་སྐྱེས་ཀྱི་དྲི་དང༌། སྦྱར་བྱུང་གི་དྲི་གཉིས་ཡོད།

དྲི་བ། རོའི་སྐྱེ་མཆེད་ཀྱི་མཚན་གང་ཡིན་ནམ།

ལན། ལྕེ་ཤེས་ཀྱི་མྱོང་བྱ་དེ་ཡིན།

དྲི་བ། རོ་ལ་དབྱེ་ན་དྲུག་དེ་གང་ཡིན་ནམ།

ལན། མངར་བ་དང་སྐྱུར་བ། ཁ་བ་དང་བསྐ་བ། ཚ་བ་དང་ལན་ཚྭ་བཅས་དྲུག་ཡིན།

དྲི་བ། རེག་བྱའི་སྐྱེ་མཆེད་ཀྱི་མཚན་གང་ཡིན་ནམ།

ལན། ལུས་ཤེས་ཀྱི་རེག་བྱ་དེ་ཡིན།

དྲི་བ། རེག་བྱ་ལ་དབྱེ་ན་གཉིས་དེ་གང་ཡིན་ནམ།

ལན། འབྱུང་བ་གྱུར་པའི་རེག་བྱ་དང༌། འབྱུང་འགྱུར་དུ་གྱུར་པའི་རེག་གཉིས་ཡོད།

དྲི་བ། འབྱུང་བ་གྱུར་པའི་རེག་བྱ་ལ་དབྱེ་ན་བཞི་དེ་གང་ཡིན་ནམ།

ལན། ས་དང༌། ཆུ་དང༌། མེ་དང༌། རླུང་དང་བཞི་ཡོད།

དྲི་བ། སའི་མཚན་ཉིད་དེ་གང་ཡིན་ནམ།

ལན། སྲ་ཞིང་འཐས་པ་སའི་མཚན་ཉིད

དྲི་བ། ཆུའི་མཚན་ཉིད་དེ་གང་ཡིན་ནམ།

ལན། རླན་ཞིང་གཤེར་བ་ཆུའི་མཚན་ཉིད།

དྲི་བ། མེའི་མཚན་ཉིད་དེ་གང་ཡིན་ནམ།

ལན། ཚ་ཞིང་སྲེག་པ་མེའི་མཚན་ཉིད།

དྲི་བ། རླུང་གི་མཚན་ཉིད་དེ་གང་ཡིན་ནམ།

ལན། ཡང་ཞིང་གཡོ་བ་རླུང་གི་མཚན་ཉིད།

དྲི་བ། འབྱུང་འགྱུར་དུ་གྱུར་པའི་རེག་བྱ་བདུན་དེ་གང་ཡིན་ནམ།

ལན། འཇམ་པ་དང་རྩུབ་པ། ལྕི་བ་དང་ཡང་བ། འགྲང་བ་དང་བཀྲེས་པ། སྐོམ་པ་དང་བདུན་ཡིན།

དྲི་བ། ནང་གཟུགས་ལ་དབྱེ་ན་ལྔ་དེ་གང་ཡིན་ནམ།

ལན། མིག་གི་དབང་པོ། རྣའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ་དང་ལྔ་ཡིན།

དྲི་བ། སྤྱིའི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་བསལ་བ་ལ་རྗེས་སུ་འགྲོ་བའི་ཆོས་སྤྱིའི་མཙན་ཉིད།

དྲི་བ། བྱེ་བྲག་གི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་རིགས་ཡོད་པ་ཅན་གྱི་ཆོས་བྱེ་བྲག་གི་མཚན་ཉིད།

དྲི་བ། གཅིག་གི་མཚན་ཉིད་གང་ཡིན་ནམ།

ལན། སོ་སོ་བ་མ་ཡིན་པའི་ཆོས་གཅིག་གི་མཚན་ཉིད།

དྲི་བ། ཐ་དད་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། སོ་སོ་བའི་ཆོས་ཐ་དད་ཀྱི་མཚན་ཉིད།

དྲི་བ། འབྲེལ་བའི་མཚན་ཉིད་གང་ཡིན་ནམ།

ལན། ཁྱོད་དེ་དང་ཐ་དད་དེ་ལྡོག་སྟོབས་ཀྱི་ཁྱོད་ལྡོག་པ་དེ་འབྲེལ་བའི་མཚན་ཉིད།

དྲི་བ། འབྲེལ་བ་ལ་གཉིས་དེ་གང་ཡིན་ནམ།

ལན། བདག་གཅིག་འབྲེལ་དང༌། དོན་བྱུང་འབྲེལ་གཉིས་ཡིན།

དྲི་བ། བདག་གཅིག་འབྲེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། ཁྱོད་དེ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་དེ་ལྡོག་སྟོབས་ཀྱིས་ཁྱོད་ལྡོག་པ་དེ་བདག་གཅིག་འབྲེལ་གྱི་མཚན་ཉིད།

དྲི་བ། དོན་བྱུང་འབྲེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། ཁྱོད་དེ་དང་བདག་ཉིད་ཐ་དད་དེ་ལྡོག་སྟོབས་ཀྱིས་ཁྱོད་ལྡོག་པ་དེ་དོན་བྱུང་འབྲེལ་གྱི་མཚན་ཉིད།

དྲི་བ། མཚན་ཉིད་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། རྫས་ཡོད་ཆོས་སུ་ཚང་བ་དེ་མཚན་ཉིད་ཀྱི་མཚན་ཉིད།

དྲི་བ། རྫས་ཡོད་ཆོས་གསུམ་དེ་གང་ཡིན་ནམ།

ལན། རང་མཚན་ཉིད་ཡིན་པ། ཆོས་གཞན་གྱི་མཚན་ཉིད་མི་བྱེད་པ། མཚོན་བྱའི་སྟེང་དུ་གྲུབ་པ་དང་གསུམ་ཡིན།

དྲི་བ། མཚོན་བྱའི་མཚན་ཉིད་གང་ཡིན་ནམ།

ལན། བཏགས་ཡོད་ཆོས་གསུམ་ཚང་བ་དེ་མཚོན་བྱའི་མཚན་ཉིད།

དྲི་བ། བཏགས་ཡོད་ཆོས་གསུམ་དེགང་ཡིན་ནམ།

ལན། རང་མཚོན་བྱ་ཡིན་པ། ཆོས་གཞན་གྱིས་མཚོན་བྱ་མི་བྱེད་པ། མཚན་ཉིད་ཀྱི་སྟེང་དུ་གྲུབ་པ་དང་གསུམ་ཡིན།

དྲི་བ། མཚུངས་ལྡན་རྣམ་པ་ལྔ་དེ་གང་ཡིན་ནམ།

ལན། རྫས་མཚུངས་པ། དུས་མཚུངས་པ། རྟེན་མཚུངས་པ། དམིགས་པ་མཚུངས་པ།

རྣམ་པ་མཚུངས་པ་དང་ལྔ་ཡིན།

དྲི་བ། རྐྱེན་གྱི་མཚན་ཉིད་གང་ཡིན་ནམ།

ལན།  རྐྱེན་གྱི་མཚན་ཉིད་ནི། གྲོགས་བྱེད་པ་རྐྱེན་གྱི་མཚན་ཉིད་ཡིན།

དྲི་བ། རྐྱེད་ལ་བཞི་དེ་གང་ཡིན་ནམ།

ལན། རྒྱུ་རྐྱེན། དམིགས་རྐྱེན། བདག་རྐྱེན། དེ་མ་ཐག་རྐྱེད་དང་བཞི་ཡིན

དྲི་བ། ཐལ་འགྱུར་གྱི་མཚན་ཉིད་གང་ཡིན་ནམ།

ལན། ཐལ་ངག་ཏུ་དམིགས་པ་ཐལ་འགྱུར་གྱི་མཚན་ཉིད།

དྲི་བ། ཐལ་འགྱུར་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། ཐལ་འགྱུར་ཡང་དག་དང༌། ཐལ་འགྱུར་ལྟར་སྣང་གཉིས་ཡོད།

དྲི་བ། ཐལ་འགྱུར་ཡང་དག་གི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་བསལ་བྱར་གྱུར་པའི་ལོག་རྟོག་ཀུན་བརྟགས་མངོན་གྱུར་བ་མགོ་གནོན་ནུས་ཀྱི་ཐལ་ངག་དེ་ཡིན

དྲི་བ། ཐལ་འགྱུར་ཡང་དག་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། རང་རྒྱུད་འཕེན་པའི་ཐལ་འགྱུ་ར། རང་རྒྱུད་མི་འཔེན་པའི་འགྱུར། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་དང་བཞི་ཡོད

དྲི་བ། རང་རྒྱུད་འཕེན་པའི་ཐལ་འགྱུར་གྱི་མཚན་ཉིད་གང་ཡིན་ནམ།

ལན། རང་རྒྱུད་ཀྱི་ཚུལ་གསུམ་འཕེན་ནུས་ཀྱི་རང་གི་བསལ་བྱར་གྱུར་པའི་ལོག་རྟོག་ཀུན་བརྟགས་མངོན་གྱུར་བ་མགོ་གནོན་ནུས་ཀྱི་ཐལ་ངག་དེ་ཡིན།

དྲི་བ། རང་རྒྱུད་མི་འཔེན་པའི་ཐལ་འགྱུར་གྱི་མཚན་ཉི་གང་ཡིན་ནམ།

ལན། རང་རྒྱུད་ཀྱི་ཚུལ་གསུམ་འཕེན་མི་ནུས་པའི་རང་གི་བསལ་བྱར་གྱུར་པའི་ལོག་རྟོག་ཀུན་བརྟགས་མངོན་གྱུར་བ་

མགོ་གནོན་ནུས་ཀྱི་ཐལ་ངག་དེ་ཡིན།

དྲི་བ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་གྱི་མཚན་ཉིད་གང་ཡིན་ནམ།

ལན། ཚུལ་གསུམ་འཕེན་ནུས་ཀྱི་རང་གི་བསལ་བྱར་གྱུར་པའི་ལོག་རྟོག་ཀུན་བརྟགས་མངོན་གྱུར་བ་མགོ་གནོན་ནུས་ཀྱི་ཐལ་ངག་དེ་ཡིན།

དྲི་བ། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་གྱི་མཚན་ཉིད་གང་ཡིན་ནམ།

ལན། ཚུལ་གསུམ་འཕེན་མི་ནུས་པའི་རང་གི་བསལ་བྱར་གྱུར་པའི་ལོག་རྟོག་ཀུན་བརྟགས་མངོན་གྱུར་བ་མགོ་གནོན་ནུས་ཀྱི་ཐལ་ངག་དེ་ཡིན།

དྲི་བ། དགག་པའམ། གཞན་སེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། དོན་དེ་བློ་ལ་རྣམ་པ་ཤར་བའི་ཚེ་དགག་པའི་རྣམ་པ་ཅན་དུ་ཤར་བ་དེ་ཡིན། དེ་གཞན་སེལ་གྱི་མཚན་ཉིད་ཀྱང་ཡིན།

དྲི་བ། སྒྲུབ་པའི་མཚན་ཉིད་གང་ཡིན་ནམ།

ལན། དོན་དེ་བློ་ལ་རྣམ་པ་ཤར་བའི་ཚེ་སྒྲུབ་པའི་རྣམ་པ་ཅན་དུ་ཤར་བ་དེ་ཡིན།

དྲི་བ། གཞན་སེལ་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། མེད་དགག་གི་གཞན་སེལ་དང༌། མ་ཡིན་དགག་གི་གཞན་སེལ་གཉིས་ཡོད

དྲི་བ། མེད་དགག་གི་གཞན་སེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། གཞན་སེལ་གང་ཞིག་རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་འཕངས་པའི་སྒྲུབ་པ་མེད་པ་དེ་ཡིན།

དྲི་བ། མ་ཡིན་དགག་གི་གཞན་སེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། གཞན་སེལ་གང་ཞིག་རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་འཕངས་པའི་སྒྲུབ་པ་ཡོད་པ་དེ་ཡིན།

དྲི་བ། མ་ཡིན་དགག་གི་གཞན་སེལ་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། བློའི་གཞན་སེལ་དང༌། དོན་རང་མཚན་གྱི་གཞན་སེལ་གཉིས་ཡོད།

དྲི་བ། བློའི་གཞན་སེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། མ་ཡིན་དགག་གི་གཞན་སེལ་གང་ཞིག་རྟོག་པས་བཏགས་པ་ཙམ་དེ་ཡིན།

དྲི་བ། དོན་རང་མཚན་གྱི་གཞན་སེལ་གྱི་མཚན་ཉིད་གང་ནམ།

ལན། མ་ཡིན་དགག་གི་གཞན་སེལ་གང་ཞིག་དོན་དམ་པ་རང་གི་མཚན་ཉིད་ཀྱི་གྲུབ་པ་དེ་ཡིན།

དྲི་བ། སེལ་འཇུག་གི་མཚན་ཉིད་གང་ཡིན་ནམ།

ལན། རང་ཡུལ་ལ་བརྡ་དབང་གིས་འཇུག་པ་དེ་ཡིན།

དྲི་བ། སྒྲུབ་འཇུག་གི་མཚན་ཉིད་གང་ཡིན་ནམ།

ལན། རང་ཡུལ་ལ་དངོས་དབང་གིས་འཇུག་པ་དེ་ཡིན།

དྲི་བ། ཡུལ་ཅན་གྱི་མཚན་ཉིད་གང་ཡིན་ནམ།

ལན། རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་ཡུལ་ཅན་གྱི་མཚན་ཉིད།

དྲི་བ། ཡུལ་ཅན་གྱི་མཚན་ཉིད་གང་ཡིན་ནམ།

ལན། སྒྲ་དང༌། བློ་དང༌། སྐྱེས་བུ་དང་གསུམ་ཡོད།

དྲི་བ། ཡུལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། བློས་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད་ཡིན།

0 མཆན།:

Post a Comment