
རྒྱ་མ་ (སྔར་སྣོན་བརྒྱ་མ་ཞེས་སུ་འབྲི་)ཞེས་པའི་ཡུལ་ལུང་འདི་ནི་མལ་གྲོ་གུང་དཀར་རྫོང་ཁོངས་རྒྱ་མ་ཤང་ཡིན། ལྷ་ས་ནས་ཤར་ཕྱོགས་སུ་སྤྱི་ལེ་བདུན་ཅུ་སོང་བའི་སར་གནས་ཡོད། ཡུལ་ལུང་དེ་དབུས་རི་བར་བསྐོར་དུ་གྲགས་པའི་ནང་ཚན་རི་བོ་མནྜལ་ཞེས་པའི་འདབས་ཞོལ་ཏུ་ཆགས་པ་དང་། དེར་རྩྭ་ཆུ་ཤིང་སྣ་འཛོམས་ཤིང་བྱ་རི་དྭགས་དང་གཅན་གཟན་སྣ་ཚོགས་པ་རྩི་ཤིང་མེ་ཏོག་གི་དབུས་བག་ཡངས་སུ་རྩེན་པ་དང་། ཁོར་ལྗོངས་ཀྱི་རི་བོ་རྣམས་རིན་ཆེན་སྣ་ལྔའི་བང་མཛོད་དུ་བརྗོད་པ། དབྱར་དུས་རི་ལྡེབས་སུ་དཀར་ནག་ཕྱུགས་རིགས་ཁྱུ་ཚོ་མཐོང་ལ་སྤུས་ལེགས་སྨན་རྩྭའི་དྲི་ཞིམ་སྣ་ལ་འཐུལ་བ། དྭངས་གཙད་ཕུ་ཆུ་ལུང་གཞུང་ནས་ལྷུང་ལྷུང་དུ་རྒྱུ་བ། རི་གཤམ་འབྲུ་སྣ་ལྔ་ཡི་ཞིང་གླིང་གི་ལྗང་གཞོན་དང་སྤང་ལྗོངས་ནེའུ་སེང་གཡུ་ཡི་གཅལ་དུ་བཀྲམས་པ། གསེར་མདོག་པད་ཁའི་མེ་ཏོག་ཕྲ་ཚོམ་བཏབ་པ། སྐྱེ་བོ་ཕོ་མོའི་ཚོགས་རྣམས་ཞིང་འབྲོག་ལས་ལ་བརྩོན་པ། རི་བོ་ཐོན་ཁུངས་བཟང་ཞིང་རི་ཞོལ་ལོ་འབྲས་ལེགས་པའི་དཔལ་གྱིས་རབ་ཕྱུག་པའི་ཡུལ་ལུང་ཉམས་དགའ་བ་ཞིག་ཡིན།
ཡུལ་འདིར་གནའ་རབས་ཕོ་བྲང་གི་རྗེས་ཤུལ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་མཆོད་རྟེན། ངོ་མཚར་ཆེ་བའི་སྒྲུབ་ཕུག །ཡི་གར་འོང་བའི་སྒྲུབ་ཆུ། སྙན་པའི་གྲགས་པ་ཀུན་ལ་ཁྱབ་པའི་རྩྭར་པད་མ་སྟོང་ལྡན་སོགས་མིག་དབང་གི་ལོངས་སུ་སྤྱོད་དུ་གྲཡུར་བར་མ་ཟད། ཁྱད་པར་དུ་ཆོས་རྒྱལ་སྐུ་ཐོག་སོ་གཉིས་པ་གནམ་རི་སྲོང་བཙན་སྐུ་དུས་ཀྱི་མཛད་པ་འཕྲིན་ལས་བསྐྱངས་གནས་དང། སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་ཁྱབ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་ཡུལ་དང་མཛད་འཕྲིན་བསྐྱངས་ཡུལ་ཡིན།
མདོར་ན། ཡུལ་ལུང་འདི་ཉིད་བོད་ཀྱི་གནའ་བོའི་རྒྱལ་རབས་ཀྱི་ལོ་རྒྱུས་དང་། ཆོས་སྲིད་ཀྱི་གནས་སྟངས། རིག་གནས་ཀྱི་འབྱུར་འཕེལ་སོགས་ཕྱོགས་གང་ཐད་ལའང་མཁོ་གལ་ཤིན་ཏུ་ཆེ་བའི་ལོ་རྒྱུས་ཀྱི་དཔང་རྟགས་མཚོན་པ་ཞིག་ཡིན་པ་མ་ཟད། བླ་མ་སྐྱེས་ཆེན་དུ་མ་དང་མི་སྣ་གྲགས་ཅན་མང་པོའི་འཁྲུངས་ཡུལ་ཡང་ཡིན་པས་ད་ཆ་རྒྱལ་ཁབ་ཕྱི་ནང་གི་སྐྱེ་བོ་མང་པོས་བོད་ལྗོངས་འདི་ཉིད་ལ་ཤེས་རྟོགས་དང་བཅས་པའི་ཡུལ་སྐོར་སྤྲོ་འཆམ་མཛད་གནས་ཁྱད་པར་ཅན་ཞིག་ཏུ་གྱུར་ཡོད།
0 མཆན།:
Post a Comment
Click to see the code!
To insert emoticon you must added at least one space before the code.