2013-12-08

དྲི་བ། ཕྱག་གི་གོ་དོན་གང་ཡིན་ནམ།
ལན། དད་པའི་ཀུན་ནས་སློང་ཏེ་ལུས་ངག་ཡིད་གསུམ་གང་རུང་གིས་སྒོ་ནས་མཆོག་གསུམ་ལ་གུས་བཏུད་བྱེད་པ་དེ་ཡིན།

དྲི་བ། ཕྱག་ལ་དབྱེ་ན་གསུམ་དེ་གང་དག་ཡིན་ནམ།
ལན། ལུས་ཀྱི་ཕྱག ངག་གི་ཕྱག ཡིད་ཀྱི་ཕྱག་དང་གསུམ་ཡིན།

དྲི་བ། ལུས་ཀྱི་ཕྱག་ཟེར་ན་གང་ཞིག་ལ་ཟེར།
ལན། དད་པའི་ཀུན་ནས་སློང་ཏེ་ལུས་ཀྱི་ཕྱག་འཚལ་བ་དང་ལག་གཉིས་ཐལ་མོ་སྦྱར་ཏེ་གུས་བཏུད་བྱེད་པ་ལ་ཟེར།

དྲི་བ། ངག་གི་ཕྱག་ཟེར་ན་གང་ཞིག་ཟེར།
ལན། དད་པའི་ཀུན་ནས་སློང་ཏེ་མཆོག་གསུམ་གྱི་བསྟོད་ཚིག་དང་གསོལ་འདེབས་སོགས་ངག་ནས་སྐྱོར་བ་ལ་ཟེར།

དྲི་བ། ཡིད་ཀྱི་ཕྱག་ཟེར་ན་གང་ཞིག་ལ་ཟེར།
ལན། དད་པའི་ཀུན་ནས་སློང་ཏེ་མཆོག་གསུམ་ལ་སེམས་གཏིང་ནས་གུས་བཏུད་བྱེད་པ་ལ་ཟེར།

དྲི་བ། ལུས་ཀྱི་ཕྱག་ལ་གཉིས་དེ་གང་དག་ཡིན་ནམ།
ལན། བརྐྱང་ཕྱག་དང༌། བསྐུམ་ཕྱག་གཉིས་ཡོད།

དྲི་བ།  བརྐྱངས་ཕྱག་ཟེར་ན་གང་ཞིག་ལ་ཟེར།
ལན། ལུས་ཡོངས་རྫོགས་ས་ལ་ཕབ་ཅིང༌། ལག་གཉིས་ཐད་ཀར་བརྐྱངས་ཏེ་འགོའི་ཐད་དུ་ཐལ་མོ་སྦྱར་བ་དང་དུས་མཉམ་དུ་དཔྲལ་བ་ས་ལ་གཏུགས་པའི་ཕྱག་ལ་ཟེར།

དྲི་བ། བསྐུམ་ཕྱག་ཟེར་ན་གང་ཞིག་ལ་ཟེར།
ལན། ཡན་ལག་ལྔ་ས་ལ་གཏུགས་ཏེ་ལུས་ཀྱིས་གུས་བཏུད་བྱེད་པ་ལ་ཟེར།

དྲི་བ། ཕྱག་འཚལ་སྐབས་ས་ལ་རེག་དགོས་པའི་ཡན་ལག་ལྔ་དེ་གང་དག་ཡིན་ནམ།
ལན། པུས་མོ་གཉིས། ལག་འཐིལ་གཉིས། དཔྲེལ་བ་གཉིས་ཏེ་ལྔ་ཡིན།

དྲི་བ། ཕྱག་འཚལ་ཞེས་པའི་གོ་དོན་གང་ཡིན་ནམ།

ལན། ཕྱག་ཅེས་པ་སྡིག་སྒྲིབ་བྱང་བ་དང༌། འཚལ་ཞེས་པ་ཡོན་ཏན་འདོད་པའི་དོན་དུ་གོ་བ་ལྟར་ན། རང་གི་སྒོ་གསུམ་གྱི་སྡིག་སྒྲིབ་བྱང་ཞིང་དག་པ་དང༌། ཕྱག་ཡུལ་དེའི་བསླབ་གསུམ་གྱི་ཡོན་ཏན་རྣམས་རང་ལ་འཐོབ་པར་འདོད་ལགས་ཅེས་ཞུ་བ་འཕུལ་བའི་དོན་ཡིན།

དྲི་བ། ཕྱག་འཚལ་བའི་ཕན་ཡོན་གང་ཡོད་དམ།
ལན། བསོད་ནམས་ཀྱི་ཚོགས་རླབས་ཆེན་བསགས་པའི་ཐོག་ཞོར་དུ་བད་ཀན་གྱི་ནད་རིགས་སེལ་ཏེ་ལུས་ཀྱང་བདེ་ཐང་ཡོང་བ་དང༌། ལྷག་པ་ཉོན་མོངས་པ་ང་རྒྱལ་གྱི་གཉེན་པོ་བྱེད་པ་སོགས་ཀྱི་ཕན་ཡོན་ཡོད།

དྲི་བ། སྦྱོར་བའི་ཆོས་དྲུག་དེ་གང་དག་ཡིན་ནམ།
ལན། གནས་ཁང་ཞི་དོར་བྱེད་པ། མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པ་བཤམས་པ། ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་འཁོད་པ། ཚོགས་ཞིང་གསལ་འདེབས་པ། ཡན་ལག་བདུན་པ་མཎྜལ་འབུལ་བ། དཀོན་མཆོག་ལ་གསོལ་བ་འདེབས་པ་དང་དྲུག་ཡིན།

དྲི་བ། གནས་ཁང་ཞི་དོར་བྱེད་པའི་དགོས་པ་དང་རྒྱུ་མཚན་གང་ཡིན་ནམ།
ལན། རང་གི་ཚོགས་གཉིས་བསགས་པ་དང༌། ཞོར་དུ་རང་གཞན་གྱི་གཟུགས་པོའི་འཕྲད་བསྟེན་ལ་ཕན་པའི་ཆེད་དུ་ཡིན།

དྲི་བ། གནས་ཁང་ཞི་དོར་བྱེད་ན་ཕན་ཡོན་གང་ཡོད་དམ།
ལན། རང་གཞན་གྱི་སེམས་དངས་བར་འགྱུར་བ་དང༌། དེ་ལ་བརྟེན་ནས་སློབ་སྦྱོང་སོགས་ཀྱི་བྱ་བ་རྣམས་དུས་ཐོག་བྱེད་ཐུབ་པ་མ་ཟད། དཀར་ཕྱོགས་ཀྱི་ལྷ་གླུ་རྣམས་ཀྱང་དགའ་བ་འགྱུར་བ་སོགས་ཀྱི་ཕན་ཡོན་ཡོད།

དྲི་བ། མཆོད་པ་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། དེ་ལ་དངོས་སུ་བཤམས་པའི་མཆོད་པ་དང༌། ཡིད་ཀྱིས་སྤྲུལ་བའི་མཆོད་པ་གཉིས་ཡོད།

དྲི་བ། དངོས་སུ་བཤམས་པའི་མཆོད་པ་ཟེར་ན་གང་ཞིག་ལ་ཟེར།
ལན། རང་ལ་ཡོད་པའི་དངོས་པོ་བཟའ་གཏུང་དང་མེ་ཏོག་སོགས་ཡིད་དུ་འོང་བའི་དངོས་པོ་ཇི་ཡོད་དཀོན་མཆོག་ལ་དངོས་སུ་འབུལ་བ་ལ་ཟེར།

དྲི་བ། ཡིད་ཀྱིས་སྤྲུལ་བའི་མཆོད་པ་ཟེར་ན་གང་ཞིག་ལ་ཟེར།
ལན། བདག་པོས་མ་གཟུང་བའི་རྫས་མེ་ཏོག་སོགས་ཡིད་དུ་འོང་བ་ཇི་ཡོད་བློས་སློང་ནས་དཀོན་མཆོག་ལ་འབུལ་བ་ཞིག་ལ་ཟེར།

དྲི་བ། མཆོད་པ་གཡོ་མེད་ཅེས་པའི་གཡོ་དེ་ལ་ག་ཚོད་ཡོད་དམ།
ལན། དེ་ལ་རྒྱུའི་གཡོ་དང༌། ཀུན་སློང་གི་གཡོ་གཉིས་ཡོད།

དྲི་བ། རྒྱུའི་གཡོ་ཟེར་ན་གང་ཞིག་ལ་ཟེར།
ལན། རྒྱུའི་གཡོ་ཟེར་ན་གཡོ་རྒྱུ་ཕྲ་གསུམ་དང༌། རྐུ་འཕྲོག་ཅམ་གསུམ་གྱིས་བསྒྲུབས་པའིརྫས་ཀྱི་མཆོད་པ་ལ་ཟེར།

དྲི་བ། ཀུན་སློང་གི་གཡོ་ཟེར་ན་གང་ཞིག་ལ་ཟེར།
ལན། ཀུན་སློང་གི་གཡོ་ནི་རང་ཉིད་ཆེ་འདོད་གཏམ་འདོད་དང༌། མཛེས་ཆོས་ལྟ་བུའི་ཀུན་སློང་ངན་པས་བསླད་པ་ལ་ཟེར།

དྲི་བ། ཕྱག་འཚལ་སྐབས་སུ་ལག་གཉིས་ཐལ་མོ་སྦྱར་ནས་མགོ་ཐོག་དང༌། འགྲིན་པ། སྙིང་ཁ་བཅས་ལ་བཞག་དགོས་དོན་གང་ཡིན་ནམ།
ལན། སངས་རྒྱས་ཀྱི་སྐུའི་ཡོན་ཏན་དང༌། གསུང་གི་ཡོན་ཏན། ཐུགས་ཀྱི་ཡོན་ཏན་འགྲུབས་པའི་རྟེན་འབྲེལ་ཡིན་པ་བཤད།

༼སྦྱོང་ཚན་ལྔ་པ་ལྷ་ཆོས་དང་མི་ཆོས་ཀྱི་སྐོར་དྲི་ལན།༽

དྲི་བ། ལྷ་ཆོས་ཟེར་ན་གང་ཞིག་ལ་ཟེར།
ལན། བདེ་འགྲོ་ལྷ་མི་སྐྱེ་བ་འཕེན་བྱེད་ཀྱི་དཀར་པོ་དགེ་བའི་ཆོས་ལ་ཟེར།

དྲི་བ། མི་ཆོས་ཟེར་ན་གང་ཞིག་ལ་ཟེར།
ལན། ཚེ་འདི་ཉིད་ལ་ཕན་པའི་འཇིག་རྟེན་ཡ་རབས་ཀྱི་བསླབ་བྱའི་རིགས་ལ་ཟེར།

དྲི་བ། ལུས་ཀྱི་མི་དགེ་བ་གསུམ་དེ་གང་དག་ཡིན་ནམ།
ལན། སྲོག་གཅོད་པ། མ་སྦྱིན་པ་ལེན་པ། ལོག་གཡེམ་བྱེད་པ་དང་གསུམ་ཡིན།

དྲི་བ། ངག་གི་མི་དགེ་བ་བཞི་དེ་གང་དག་ཡིན་ནམ།
ལན། རྫུན་བཤད་པ། ཕྲ་མ་སྨྲ་བ། ཚིག་རྩུབ་སྨྲ་བ། ངག་འཀྱལ་སྨྲ་བ་དང་བཞི་ཡིན།

དྲི་བ། ཡིད་ཀྱི་མི་དགེ་བ་གསུམ་དེ་གང་དག་ཡིན་ནམ།
ལན། བརྣབ་སེམས། གནོད་སེམས། ལོག་ལྟ་དང་གསུམ་ཡིན།

དྲི་བ། དགེ་བ་དང་མི་དགེ་བ་གཉིས་ཀྱི་འབྲས་བུ་གང་ཡིན་ནམ།
ལན། དགེ་བའི་འབྲས་བུ་བདེ་བ་དང༌། མི་དགེ་བའི་འབྲས་བུ་སྡུག་བསྔལ་ཡིན།

དྲི་བ། སྲོག་གཅོད་པའི་དོན་གང་ཡིན་ནམ།
ལན། དུག་ཚན་རིག་བསྔགས་སོགས་ལ་བརྟེན་ནས་གཞན་གྱི་སྲོག་གི་དབང་པོ་འགག་པར་བྱེད་པ་ལ་ཟེར།

དྲི་བ། མ་བྱིན་པ་ལེན་པ་ཟེར་ན་གང་ཞིག་ལ་ཟེར།
ལན། གཞན་གྱི་བདག་ཏུ་བཟུང་བའི་དངོས་པོ་མ་སྤྲོད་བཞིན་དུ་ལེན་པ་ལ་ཟེར།

དྲི་བ། ལོག་གཡེམ་ཟེར་ན་གང་ཞིག་ལ་ཟེར།
ལན། གཞན་གྱི་བདག་ཏུ་བཟུང་བའི་ཕོ་མོ་དང་ལུས་འབྲེལ་བྱེད་པ་དང༌། ཡུལ་དུས་ཁྱད་པར་ཅན་སོགས་ལ་མི་གཙང་བ་སྤྱོད་པ་ལ་ཟེར།

དྲི་བ། ཕྲ་མ་སྨྲ་བ་ཟེར་ན་གང་ཞིག་ལ་ཟེར།
ལན། གཞན་ཕ་རོལ་པོ་མཐུན་པར་གནས་པ་ཞིག་བསམ་བཞིན་དུ་མི་མཐུན་པ་བཟོས་པ་ཞིག་ལ་ཟེར།

དྲི་བ། ཚིག་རྩུབ་སྨྲ་བ་ཟེར་ན་གང་ཞིག་ལ་ཟེར།
ལན། དུག་གསུམ་གང་རུང་གིས་ཀུན་ནས་སློང་སྟེ་གཞན་ལ་མི་སྙན་པ་བརྗོད་པའི་ངག་ཞིག་ལ་ཟེར།

དྲི་བ། ངག་འཁྱལ་སྨྲ་བ་ཟེར་ན་གང་ཞིག་ལ་ཟེར།
ལན། བསམ་པ་བག་མེད་པའི་བབ་ཅོལ་མང་པོ་སྨྲ་བ་ཞིག་ལ་ཟེར།

དྲི་བ། བརྣབ་སེམས་ཀྱི་དོན་གང་ཡིན་ནམ།
ལན། འདོད་ཆགས་ཀྱི་ཀུན་ནས་སློང་སྟེ་གཞན་གྱི་རྒྱུ་ནོར་རང་ལ་འཐོབ་ཐབས་བྱེད་པ་ལ་ཟེར།

དྲི་བ། གནོད་སེམས་ཀྱི་གོ་དོན་གང་ཡིན་ནམ།
ལན། ཉོན་མོངས་དུགས་གསུམ་གང་རུང་ལ་བརྟེན་ནས་གཞན་ལ་གནོད་པ་སྐྱེལ་རྒྱུ་ཐག་བཅད་པའི་བློ་ཞིག་གོ།

དྲི་བ། ལོག་ལྟ་ཟེར་ན་གང་ཡིན་ནམ།
ལན། ལས་འབྲས་དང་དཀོན་མཆོག་སོགས་མེད་པ་ཐག་བཅད་པའི་བློ་ཞིག་གོ།

དྲི་བ། བླང་བྱ་ཟེར་ན་གང་ཡིན་ནམ།
ལན། འདོར་དུ་མི་རུང་བའི་དཀར་པོ་དགེ་བའི་ཆོས་རྣམས་སོ།

དྲི་བ། དོར་བྱ་ཟེར་ན་གང་ཡིན་ནམ།
ལན། རང་གཞན་ཕུང་ལ་སྦྱོར་བའི་སྒོ་གསུམ་གྱི་བྱ་བ་ངན་པའི་རིགས་དང༌། དུག་གསུམ་འཁོར་དང་བཅས་པ་འོ།

དྲི་བ། ཉམས་ལེན་བྱེད་པའི་གོ་དོན་གང་ཡིན་ནམ།
ལན། གཞུང་ལུགས་ནས་གསུང་པའི་བླང་དོར་གྱི་དོན་རྣམས་ལག་ལྟར་བྱེད་པ་དེ་ཉམས་སུ་ལེན་པའི་དོན་ཡིན།

དྲི་བ། སྡིག་གྲོགས་ཟེར་ན་གང་ཡིན་ནམ།
ལན། མི་དགེ་བའི་ལས་ཀྱི་བྱ་བ་བྱེད་པའི་སྐབས་སུ་མགོ་འཁྲིད་དང་རོགས་རམ་བྱེད་མཁན་ཞིག་ལ་ཟེར།
08 Dec 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.