2013-12-25


གནས་བཞི་པ་ནི་ཕུ་རྒྱབ་སྒྲུབ་ཕུག་ཡིན་ཞིང་། དེ་ནི་རི་བོ་མཎྜལ་གྱི་ཤར་ལྷོ་ན་གནས་ཡོད། འདིར་དངོས་སྒྲུབ་མྱུར་བའི་སྒྲུབ་གནས་ཡོད། འདིར་དངོས་སྒྲུབ་མྱུར་བའི་སྒྲུབ་གནས་ཡད་ཡོད་ལུང་གིས་ཟིན་པས་ཕུར་རྒྱབ་སྒྲུབ་ཕུག་ཅེས་སུ་གྲགས། སྒྲུབ་ཕུག་འདི་ཉིད་ཡུལ་ཚད་མོ་ཁད་ཀྱི་ཕུར་བྲག་རི་གཡང་གཟར་ཅན་ཞི་གི་ལྡེབས་སུ་ཆགས་ཡོད།

དེ་ཡང་ལོ་ངོ་དུ་མའི་སྔོན་དུ་ཡུལ་ཚད་མོ་ཁད་ཀྱི་གྲོང་ལ་ཤར་སྒང་པའི་ནང་དུ་བུ་མགོན་པོ་དོན་གྲུབ་ཞེས་བྱ་བ་བྱིས་པ་ལོ་ལྔ་དྲུག་ནས་མ་ཎི་ལ་བརྩོན་ཇཔ་ཞིག་བྱུང་། དེར་ཁོང་མ་བུ་རྣམས་འཚོ་བའི་ཡོ་བྱད་ཆེར་མེད་པར་བརྟེན་ནས་ཚད་མོ་ཁད་ཀྱི་ཡུལ་དེའི་མི་གྲོང་སྤྱིའི་ལུག་རྫི་བྱས་ནས་ལྟོ་གོས་འཚོལ་བའི་སྐབས་ཤིག་ཏུ་ཉིན་ཞིག་སྤྱང་ཀི་མང་པོ་དུས་གཅིག་ཏུ་བྱུང་ནས་ལུག་རྣམས་ཕལ་ཆེར་ཟོས་ཟིན་པར་བརྟེན་ལུག་རྫི་མགོན་པོ་དོན་གྲུབ་རང་ཡུལ་ཕྱིར་ལོག་མ་ནུས་པར་ཡུལ་གྱར་བའི་བསམ་པར་ནུབ་ཕྱོགས་སུ་རེ་བས་ཚད་མོའི་སྦུག་གད་ལའི་ལོགས་སུ་བྱས་ནས་ཕྱིན་པས་ནུབ་དེར་འཕྲད་མའི་བྲག་དཀྱིལ་དུ་དགོན་རོལ་ལ་ཞག་གཅིག་བསྡད་པའི་ནུབ་མོ་དེར་སེམས་ཟང་ཟིང་གིས་གཉིད་ཆེར་མ་བྱུང་། གཉིད་ཡིན་མིན་འདྲ་བའི་སྐབས་ཤིག་ཏུ་ལོགས་ལོགས་ཟེར་བའི་སྐད་མང་པོ་དང་། ར་ལུག་གཡག་ཁལ་མང་པོ་གནས་དེ་ནས་ཕུ་རྒྱབ་ཕྱོགས་སུ་འགྲོ་བ་སོགས་ཀྱི་འཕྲུལ་སྣང་འགའ་ཞིག་བྱུང་། རྫར་ཕད་ལ་སྔས་བྱས་ཏེ་ཉལ་བའི་ཚེ་ཁོ་བོའི་བསམ་པར་རྡོ་ཁ་ཤར་བླངས་ཏེ་རྫར་ཕད་ནང་དུ་བཅུག་སྟེ་སྔས་བྱས་ན་ཨེ་དྲག་སྙམ་ནས་དེ་ལྟར་ཉལ་ཀྱང་སྔོན་མ་ལྟར་འཕྲུལ་སྣང་ཟང་ཟིང་ལས་གཉིད་ཆེར་མ་བྱུང་བས་སང་ཞོགས་ཐོ་རངས་ཀྱི་དུས་སུ་གད་ལའི་རྩེར་སླེབས་བྱུང་བ་དང་། ལ་རྫས་སུ་སྔས་བྱས་ནས་ངལ་བ་གསོས་པས་གཉིད་དུ་སོང་བི་རྨི་ལམ་དུ་རྫར་ཕད་ནང་ནས་མི་སྐད་སྨྲ་བ་ལྟ་བུ་ལ་ཤར་ཕྱོགས་སུ་འགྲོ་བར་བྱས་ན་ལེགས་པས་གཞི་ཚུགས་ཟེར་བ་ཞིག་བྱུང་བ་དང། གཉིད་སད་བྱུང་བ་དང་བསྟུན་རྫར་ཕད་ཁུར་ནས་ནུབ་ཕྱོགས་རང་དུ་འགྲོ་བའི་བསམ་པ་བྱས་ནས་ཕྱིན་པར་རྫར་ཕད་ཤིན་ཏུ་ལྕི་བས་གོམ་པ་གཉིས་གསུམ་ཙམ་ཡང་འགྲོ་མི་ཐུབ་པར་གྱུར་པ་ན། ཅི་ཡིན་བསམས་རྫར་ཕད་ཁ་ཕྱེ་ནས་བལྟས་པས་མདང་ནུབ་སྔས་ལ་རེ་བའི་རྡོ་རྣམས་ཀྱི་ཁྲོད་དུ་ལྷ་སྐུ་ཞལ་བཞི་པ་ཞིག་འདུག་པ་དེ་མཐོང་མ་ཐང་སེམས་ལ་དགའ་བ་དཔག་ཏུ་མེད་པ་བྱུང་ཞིང་། ང་ཡི་ཚེ་འདི་ཕྱི་གཉིས་ཀྱི་རེ་ལྟོས་འདི་ག་རང་ལ་བྱས་ཆོག་པ་འདུག་བསམས་པ་དང་། རྡོ་སྐུ་དེ་ལ་རྫས་ཀྱི་ལོགས་སུ་བཞགས་ནས་ཕྱག་འཚལ་གསོལ་བ་བཏབ་པས་རྡོ་སྐུའི་ཞལ་ནས་སྐལ་ལྡན་གྱི་བུ་ཁྱོད་ཉི་མ་ཤར་ཕྱོགས་སུ་འགྲོ། ང་ཡིན་གནས་མཆོག་ཉི་མ་ཤར་ཕྱོགས་སུ་ཡོད་པ་དེར་འགྲོ་བར་གྱིས་ཤིག་ཅེས་གསུང་བྱོན་བྱུང་དང་། དགའ་བ་དང་གུས་པའི་རང་བཞིན་་གྱིས་རྡེ་སྐུ་རྫར་ཕད་དུ་སྔར་བཞིན་བཅུག་ནས་རྒྱབ་ཏུ་ཁུར། ཇི་ལྟར་གསུངས་པ་ལྟར་ཤར་ཕྱོགས་སུ་འགྲོ་རྒྱུར་བློ་ཐག་བཅད་ནས་ཕྱིར་ལོག་བྱས་པས། ཚད་མོ་ཁད་ཀྱི་གྲོང་དུ་སླེབས་ཉེ་བའི་སྐབས་སུ་མགོན་པོ་དོན་གྲུབ་ཀྱི་བསམ་པར་གར་འགྲོ་ཆ་མེད་ཅིང་། ཡུལ་མི་རྣམས་ཀྱིས་བཟུང་དོགས་ཀྱིས་ངལ་གསོས་ནས་བསྡད་པས་རྫར་ཕད་ནང་གི་རྡོ་སྐུའི་ཞལ་ནས། འོ་ང་ཡི་གནས་ཁང་ཆུ་རྒྱུད་འདིའི་འགོར་ཡོད་པས་དེར་འགྲོ་གསུངས་པ་དང་། ཀོའི་བསམ་པར་ཅུ་རྒྱུད་འདིའི་འགོར་སྔར་ར་ལུག་འཚོ་བར་ཡང་ཡང་ཕྱིན་ར་ཕུ་རྒྱབ་ཏུ་བྲག་ཕུག་ཞིག་ཡོད་པ་ལས་གནས་ཁང་གི་རིགས་མེད་ཅིང་ཅི་ཡིན་བསམས་ཀྱང་དེ་བཞིན་དུ་ཆུ་རྒྱུད་དེ་ཁ་ཡར་འདེད་ཀྱི་ཡོང་བར་ཕུ་རྒྱབ་བྲག་ཕུག་ཆེ་བའི་ནང་ནས་ཤྭ་བ་ཕོ་མོ་ཤྭ་ཕྲུག་དང་བཅས་པ་ཕྱིར་དོན་བྱུར་བར་དེར་ལྟ་བཞིན་པའི་མུར་རྒྱབ་ཁུར་གྱི་རྫར་ཕད་ནང་གི་རྡེ་སྐུ་མགོན་པོའི་ཞལ་ནས། ཕུ་རྒྱབ་ཤེལ་གྱི་བྲག་ཕུག་ཏུ། ། ཡུ་མོས་ཤྭ་ཕྲུག་སྦས་པ་ཡོད། །ང་ཡི་གནས་ཁང་དེ་ཡིན་པས། །གནས་དེར་ང་ཁྱོལ་གདུལ་བྱ་ཡིན། །ཞེས་གསུངས་བྱུང་བར་ཤེལ་ཕྲུག་གིས་ལུང་བསྟན་པའི་བྲག་ཕུག་ལ་ཕུ་རྒྱབ་ཤེལ་གྱི་བྲག་ཕུག་ཏུ་མིང་ཆགས་ཕུག་པ་དེར་མགོན་པོ་དང་བཅས་ཏེ་མགོན་པོ་དོན་གྲུག་ཀྱིས་ཡི་གེ་དྲུག་པ་ལ་བརྩོན་པར་བཞུགས་པས་འདུལ་བྱ་འཕྲིན་ལས་རྒྱས་པར་བྱུང་བ་དང་། བྲག་ཕུག་སྟེང་མར་སྒྲུབ་ཁང་གི་སྦྱིན་བདག་རྣམས་བསྐུལ་ནས་གནས་ཁང་མཐོ་ཞིང་བཙན་པ་ཞིག་བརྩིགས་པའི་མཐུན་རྐྱེན་གྱི་གྲོགས་ནི་ཡུལ་མི་རྣམས་ཀྱིས་ལེགས་པར་བྱས་ནས་རྒྱ་མའི་ཕུ་པ་རྣམས་ཀྱིས་ཤིང་ཆ་རྣམས་ཕུལ། རྒྱ་མ་མདའི་ལྕང་དཀྱིལ་ནས་གདུང་མའི་རྒྱུ་ཤིང་བཟང་པོ་གཅིག་དྲངས་པ་ལ་གཤམ་ནས་མི་མང་པོས་མ་དྲོངས་པར་ལུས་སོང་བ་མགོན་པོ་དོན་གྲུབ་ཀྱིས་ཕྲག་པར་དཀའ་ཚེགས་མེད་པར་བཀལ་ཏེ་ཕུ་རྒྱབ་བྲག་ཕུག་ཏུ་འཁྱོལ་བར་མཛད་པ་ལ་ཀུན་ངོ་མཚར་ཆེ་བར་བྱུང་ཞིང་། གྲུབ་ཆེན་ཆོས་རྒྱལ་ཞེས་པའི་མཚན་ཐོགས། སྒྲུབ་ཁང་གི་བཟོ་བཀོད་ཕལ་ཆེར་གྲུབ་ཆེན་ཆོས་རྒྱལ་རིན་པོ་ཆེས་མཛད། སྒྲུབ་ཁང་སུམ་བརྩེགས་ལེགས་པར་གྲུབ། མགོན་པོའི་རྡོ་སྐུ་རིན་པོ་ཆེ་དང་བཅས་ཏེ་སྒྲུབ་ཁང་དུ་བཞུགས་པར་མགོན་པོའི་འཕྲིན་ལས་ཀྱིས་འདོད་ཡོན་ལོངས་སྤྱོད་ཆེ་ཞིང་སགྲུབ་་མཐར་ཕྱིན། སྐུ་ཚེ་ཕྱི་མ་ནུབ་ཕྱོགས་བདེ་བ་ཅན་དུ་མགོན་པོ་འོད་དཔག་མེད་ཀྱི་ཐུགས་སྲས་སུ་འཁྲུངས་ནས་འགྲོ་དོན་མཛད་པ་བྱུང་ངོ་། དེ་ནས་དུས་མ་འགྱངས་པ་ཞིག་ཏུ་འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་འགྲོ་མགོན་སངས་རྒྱས་དབོན་རི་བོ་མཎྜལ་གྱི་རྩེར་བྱོན་པའི་དུས་ཤིག་ཏུ་ཕུ་རྒྱབ་བྲག་ཕུག་འདི་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དངོས་སུ་གཟིགས་ནས་གནས་འདིར་ཡི་དམ་འཁོར་ལོ་བདེ་མཆོག་ལྷ་ལྔའི་སྒྲུབ་པ་མཛད་པས་བདེ་མཛོག་གི་ཞལ་དངོས་སུ་གཟིགས་ནས་ཡེ་ཤེས་པ་མངོན་སུམ་དུ་ཐིམ་པའི་དཔལ་འཁོར་ལོ་བདེ་མཆོག་གི་སྣང་བརྙ་བྱིན་ཅན་དང་། བཀའ་སྡོད་ཡེ་ཤེས་ཀྱི་མགོན་པོ་ཞལ་བཟི་པས་འཕྲིན་ལས་ཐོགས་མེད་དུ་སྒྲུབ་ཅིང་དངོས་སུ་ཐིམ་ནས་འགྲོ་མགོན་སངས་རྒྱས་དབོན་དང་མི་དང་མིས་སྨྲ་བ་བཞིན་དུ་ལུང་སྟོན་པའི་མགོན་པོའི་རྡོ་སྐུ་རང་བྱོན་ལས་གྲུབ་པ་བཅས་མ་འོངས་འགྲོ་བའི་དོན་དུ་ད་ལྟའང་བྱིན་རླབས་ཀྱི་གཟི་འོད་འབར་བ་བཞུགས་ཡོད། དེ་རྗེས་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས་ཕྱི་ལྟར་བྱང་ཆུབ་ལམ་རིམ་པའི་ཟབ་ཁྲིད་བསྐྱངས་ཤིང་གསུང་ཐོར་བུ་འགའ་ཞིག་གནས་འདི་ནས་གསུངས་པ་སོགས་རྣམ་ཐར་ཐོར་བུ་རུ་གསལ་བ་ནང་ལྟར་དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་པ་མཛད་ནས་ས་ལམ་སྤངས་རྟོགས་མཐར་པྱིན་པ་སོགས་དང། གཟན་ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་དང་རྒྱལ་དབང་དགེ་འདུན་གྲུབ་པ་སོགས་བླ་མ་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་པའི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཀྱང་ཡིན། སགྲུབ་ཁང་ནས་དུ་ཡན་ལག་བརྒྱད་ལྡན་གྱི་སྒྲུབ་ཆུ་དྭངས་ཞིང་མི་ལུས་པ་གཅུས་པས་ཉུང་དུ་མི་འགྲོ་བའི་རྒྱུན་ཆད་མེད་པའི་བདུད་རྩིའི་ཆུ་མིག་ཞིག་ཡོད་པར་འགྲོ་མགོན་གསུང་ལས། ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆུ་རྒྱུན་འདི། ། འགྲོ་བ་གང་གིས་འཐུང་ཞིང་འཁྲུས་བྱས་པས། ། སྡིག་སྒྲིབ་མི་གཙང་གྲིབ་རྣམས་དག་གྱུར་ནས། ། ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ། ། ཞེས་གསུངས་པ་ལྟར་དངོས་སྒྲུབ་མྱུར་པའི་སགྲུབ་ཕུག་འདིར་སྤྱིར་ན་ཞི་རྒྱས་དབང་དྲག་གི་སྒྲུབ་གང་བྱས་ཀྱང་གཞན་ལ་ས་མྱུར་ཞིང་ཁྱད་པར་དུ་རྒྱས་པའི་ལས་དང་དབང་གི་ལས། ཚེ་སྒྲུབ་པ་བཅས་ནི་གནས་འདིར་ཁྱད་པར་མྱུར་བ་ཡིན་ནོ། དེ་ལྟ་བུའི་བྲག་རིན་ཆེན་འབར་བའི་དྲུང་རྣམས་སུ་ཡེ་ཤེས་མགོན་པོའི་བཀའ་སྡོད་གནོན་སྦྱིན་བྱ་རོག་གདོང་ཅན་གྱི་གནས་བྲག་རི་རྡེའུ་རྡོག་བཞི་དང་། གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་གཉིས། དྲེགས་འི་སྡེ་དཔོན་ཐམས་ཅད་ཀྱང་དཀར་ཕྱོགས་ཀྱི་ལས་དང་བསམ་པས་གནས་འདིར་འདུ་ཞིང་རྣལ་འབྱོར་སྒྲུབ་པ་ོ་རྣམས་ཀྱི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སགྲུབ་པ་ལ་མཐུ་སྟོབས་དང་ལྡན་ཞིང་འགྲོ་གང་དག་གནས་འདིར་ཕྱིན་པ་ཙམ་གྱིས་ང་རྒྱལ་གྱི་སེམས་ཞི་ནས་ཡིད་དགའ་བར་བྱེད་པ། བྱ་སྣ་ཚོགས་ཀྱིས་སྐད་སྙན་པར་སྐྱུར་ཞིང་། རྩི་ཤིང་དང་། མེ་ཏོག ནགས་ཚལ་སྣ་ཚོགས་ཀྱིས་བརྒྱན་པའི་སྤང་ལྗོངས་དང་བཅས་པའི་གནས་ཡིད་དུ་འོང་བ། སྒྲུབ་བྱས་ན་སགྲུབ་ཐག་ཉེ་བ། ཕྱག་དང་མཆོད་པ་བྱས་ན་ཐར་པའི་ལམ་སྣ་ཟིན་པ། ཁྱད་པར་དུ་ཚེ་སགྲུབ་པ་དང་། དབང་བསྡུས་ཀྱི་ལས་བྱས་ན་ངེས་པར་རྟགས་ཏོན་པ། གསོལ་མཆོད་འཕྲིན་ལས་བཅོལ་ན་གནས་སྐབསཀྱི་འདོད་དོན་སྒྲུབ་པ། སྒྲུབ་པ་སྙིང་པར་བྱས་ན་མཐར་ཐུག་ཟུང་འཇུག་འགྲུབ་པའི་གནས་ཁྱད་པར་ཅན་ཡིན།

ཁྱད་པར་དུ་གནས་ཕྱོགས་འདི་དང་ཉེ་བའི་སར་རྒྱལ་མཙན་གྱི་ཏོག་ལྟར་མངོན་པར་་འཕགས་ཤིང་འཕགས་མཅོག་རིགས་གསུམ་མགོན་པོའི་ཕོ་བྲང་དངོས་དང་དབྱེར་མེད་པའི་གནས་རི་བྱིན་ཅན་རི་བོ་མཎྜལ་དང་། བུམ་བྲལ། ཡབ་བྲལ་གསུམ་ཡོད་ཅིང་། དེ་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་ཕོ་བྲང་རི་བོ་པོ་ཏ་ལ་དང་དབྱེར་མེད་པའི་གནས་རི་བོ་མཎྜལ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཕོ་བྲང་རི་བོ་རྩེ་ལྔ་དང་དབྱེར་མེད་པའི་གནས་རི་བུམ་བྲལ། དབུས་བྲལ་ཀྱང་ཟེར། ཡི་དམ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ཕོ་བྲང་ལྕང་ལོ་ཅན་དང་དབྱེར་མེད་པའི་གནས་རི་བོ་ཡབ་བྲལ་གསར་བདག་གི་སྤྱན་སྔར་སྤྱན་རས་གཟིགས་ཀྱི་བླ་མཚོ་བདུད་རྩི་ཡན་ལག་བརྒྱད་ལྡན་གྱིས་ཁེངས་པ། མཚོ་བདག་མ་གཅིག་མཚོ་སྨན་རྒྱལ་མོར་མཆེད་ལྔ་དང་། བརྟན་མ་བཅུ་གཉིས་ཀྱིས་བསྐོར་ནས་ཡོད་མདོ་ལུང་དུ་གསལ། རི་མཚོ་དེ་དག་གི་ཉེ་ལོགས་ཕྱོགས་མཚམས་རྣམས་སུ་སྨན་བཟང་པོ་དྲི་ངད་ལྡན་པ་ཇི་སྙེད་ཡོད། བསྟན་པ་སྔ་དར་གྱི་དུས་སུ་གངས་ཅན་ལྷ་གཅིག་སྲོང་བཙན་སྒམ་པོས་གནས་རི་དེ་རྣམས་ཀྱི་རྩེར་ཡང་ཡང་བྱོན་ཅིང་། བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་རྒྱ་ཆེན་མཛད་ནས་བྱིན་གྱིས་བརླབས་པའི་གནས་རི་བྱིན་ཅན་དང་། སློབ་དཔོན་ཆེན་པོས་བསམ་ཡས་ཧས་པོ་རིའི་བྱང་ཕྱོགས་འདིར་རིགས་གསུམ་མགོན་པོའི་གནས་རི་ཀྱད་དུ་འཕགས་པར་སྤྱན་རས་གཟིགས་ཀྱི་མཚོར་མཚོ་སྨན་དང་། བརྟན་མ་བཅུ་གཉིས་ཀྱིས་བསྐོར་ནས་འདུག་པའི་ཁྱད་པར་འཕགས་པའི་གནས་ལ་ཕྱག་འཚལ་ལོ་ཞེས་བསྟོད་པ་མཛད་པ་བཀའ་ཐང་དུ་གསལ། བསྟན་པ་པྱི་དར་གྱི་ཐོག་མར་བཀའ་གདམས་དགེ་བའི་བཤེས་གཉེན་ཀླུ་མེས་ཆེན་པོས་གནས་ཀྱི་བརྟག་གཞི་མཛད་ནས་ཡུལ་ལྗོངས་ཁྱད་དུ་འཕགས་པའི་ཕུ་ལ་འཕགས་མཅོག་རིགས་གསུམ་མགོན་པོའི་ཕོ་བྲང་དངོས་དང་མཚུགས་པའི་གནས་རི། བདུད་རྩི་ཡན་ལག་བརྒྱད་ལྡན་གྱི་མཚོ་དང་བཅས་པ་ཡོད་པའི་བར་དང་མདའ་རུ་གཙུག་ལག་ཁང་འདེབས་སོ། ཞེས་གསུངས་པའི་བསླུ་མེད་ལུང་གི་ཟིན་ཅིང་། དེ་ནས་འཕགས་མཅོག་མི་ཡི་ཚུལ་བཟུང་འགྲོ་བའི་མགོན་པོ་སངས་རྒྱས་དབོན་གྱི་རི་བོ་མཎྜལ་གྱི་རྩེར་ཡང་ཡང་བྱོན་པའི་དུས་ཤིག་ན་མ་འོངས་པའི་དུས་སུ་སངས་རྒྱས་ཀྱི་བསྟན་པའི་ཉི་མ་གང་ནས་ཤར་ཞེས་མེ་ཏོག་ཐོར་བར་མཛད་པས་དགའ་ལྡན་གྱི་གནས་སུ་བབ་པ་ད་ལྟ་ཡང་དགའ་ལྡན་གྱི་སྐོར་ལམ་ཤར་ངོས་བྲག་ལོགས་སུ་ཕྱག་ནས་ཀྱི་ཤུལ་བྱས་པར་འགྲོ་མགོན་ནས་རྗེས་ཞེས་གསལ་བར་མཇལ་དུ་ཡོད། མ་འོངས་པའི་དུས་སུ་རྗེ་འཇམ་དཔལ་སྙིང་པོ་བསྟན་པའི་སྒྲོན་མེ་གསལ་བར་བྱེད་པའི་ལུང་གནས་རི་འདི་ནས་སྟོན་པ་ཡིན་ནོ། །
25 Dec 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.