
གནས་བཟི་དགོན་བརྒྱད་ཀྱི་གནས་གཅིག་གཡུ་ཁུང་བྲག་ནི་རྒྱ་མའི་ཤར་ཐ་ལུང་ནང་དུ་ཡོད། གནས་དེར་སློབ་དཔོན་པད་མ་འབྱུང་གནས་ཀྱི་སྒྲུབ་ཕུག་ངོ་མཚར་ཅན་ཞིག་ཡོད། སྒྲུབ་ཕུག་དེ་ནི་རི་བོ་ཆུང་ཆུང་འབྲིའི་མགོ་བོའི་དབྱིབས་འདྲ་བ་ཞིག་གི་སྟེང་དུ་ཆགས་ཡོད། ཡུལ་མིའི་ཤོད་རྒྱུན་དུ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་བསམ་ཡས་སུ་ལྷ་སྲིན་དམ་ལ་འདོགས་སྐབས་སྲིན་མོ་ཞིག་བསམ་ཡས་ནས་རྒྱ་མའི་ནང་བྲོས་པས་རྗེས་འདེད་ཀྱིས་ད་ལྟའི་སྒྲུབ་ཁང་གནས་ཡུལ་དུ་རི་བོའི་གཟུགས་སུ་བརྗུས་ནས་ཡོད་པ་དམ་ལ་བཏགས་ཤིང་སྲིན་མོའི་ཁོག་པའི་ནང་དུ་སྒྲུབ་གནས་ལ་བྱིན་གྱིས་བརླབས་ཏེ་སྒྲུབ་པ་སྐྱོན་གནང་མཛད། སྒྲུབ་ཁང་དེ་ནི་སྲིན་མོའི་སྣ་ཁུང་ནས་དོན་དགོས། བྲག་ཕུག་དེའི་ཁའི་ནང་ནས་ཐག་ཤུར་བཏང་ནས་མིད་པའི་ཚུལ་དུ་ཡོད་པའི་དོག་ལམ་གྲོལ་རྗེས་ཁོག་སྦུག་གི་ཚུལ་ཡིན་པར་སླེབས་པས་རྒྱ་ཆེར་འགྲོ་བ་ཡིན།་དེ་ནི་སློབ་དཔོན་བཻ་རོ་ཙ་ནའི་གཟིམ་ཕུག་ཡིན་ལ་མཐོ་ཚད་ཐོག་རྩེག་གསུམ་ཙམ་དང་སྲིན་མོའི་ཁོག་པ་ཡིན་པས་ནང་་ངོས་རྡེ་ཅོང་སི་ལས་གྲུབ་པའི་རྒྱུ་མ་དང་། གློ་བ། སྙིང་སོགས་ཀྱི་རང་བྱོན་མཇལ་རྒྱུ་ཡོད།
བྲག་ཕུག་དེའི་ནུབ་ངོས་སུ་སློབ་དོན་རིན་པོ་ཆེའི་གཟིམ་ཆུང་ཤར་ཟེར་བ་ཞིག་དང་། དེའི་འོག་ཏུ་དྲ་མིག་འདྲ་བའི་བྲག་ཁུང་ཆུང་ཆུང་ཞིག་གི་ནང་དུ་སྒྲུབ་ཕུག་འདི་གནས་སྒོ་འབྱེད་མཁན་གྱི་རའི་རང་བྱོན་ཞིག་ཡོད། དེ་ནས་རིམ་བཟིན་བསྐྱོད་པ་ན་བྲག་ཕུག་དེ་བས་ཆེ་བ་ཞིག་ཏུ་སླེབས་པ་ནི་མཁའ་འགྲོའི་བྲོ་ར་ཡིན་པས་དེར་ཅོང་ཞིའི་ཟི་མར་ར་སྐྱེས་དང་། ཅོང་ཞིའི་རྒྱལ་མཚན། གདུགས། འཕན། ཀ་བ། ཚོགས་དང་ཚོགས་གཞོང་སོགས་ཀྱི་རང་བྱོན་ཡོད། སླར་གུ་དོག་པའི་བྲག་ཁུང་ཞིག་བརྒྱུད་རྗེས་སློབ་དཔོན་རིན་པོ་ཆེའི་སགྲུབ་ཁང་དངོས་དེར་སླེབས། སྒྲུབ་ཁང་དེའི་ནང་དུ་ས་་རྡོ་ལས་གྲུབ་པའི་བཟུགས་ཁྲི་ཆུང་ངུ་ཞིག་ཡོད་པ་ནི་སློབ་དཔོན་རིན་པོ་ཆེས་སྒྲུབ་པ་སྐྱོན་གནང་ས་ཡིན། སགྲུབ་ཁང་དེའི་གཡོན་ངོས་སུ་སྒྲུབ་ཆུ་དང་ཚེ་རིལ་གྱི་རང་བྱོན་ཡོད། སྒྲུབ་ཁང་དེ་ནི་རྡོ་ཅོང་སིའི་ཀ་བ་ཆེ་བ་དང་ཆུང་བ་གཉིས་ཀྱིས་ཡར་བཏེགས་པའི་ཚུལ་དུ་ཡོད་ཅིང་། དེ་མིན་བྲག་ཁུང་ཆུང་ཆུང་མང་པོ་ཡོད། དེ་རྣམས་མཇལ་རྗེས་སླར་ཡང་བཻ་རོའི་གཟིམ་ཕུག་ཏུ་སླེབས་རྗེས་ཤར་ངོས་སུ་ཅུང་ཟད་འཛེགས་ན་དམྱལ་བའི་འཕྲང་ལམ་དུ་སླེབས་ཤིང་དེ་ནས་མུ་མཐུད་ཁ་ལྷོར་གཏད་དེ་ཕྱིན་ན་སློབ་དཔོན་རིན་པོ་ཆེའི་མཛོད་ཁང་དུ་སླེབས། དེ་ནས་ཅུང་ཟད་མར་ཡོང་ཏེ་ཁ་ཤར་དུ་གཏད་ནས་ཕྱིན་ན་སྲིན་མོའི་སྣ་ཁུང་རེད་ཟེར་བའི་བྲག་ཕུག་ནས་མར་དོན་དགོས། ཡུལ་གྱི་ཤོད་རྒྱུན་ལྟར་ན་ཐ་ལུང་མདའི་བྱིན་ཅན་ཏིང་པ་ཟེར་བའི་དུས་ཚང་གི་ར་མོ་ཞིག་རྒྱུན་དུ་སྒྲུབ་ཁང་གནས་ཡུལ་དེར་འགྲོ་ཡི་ཡོད་པ་ཕྱུགས་རྫིས་ཤེས་ནས་ཡ་མཚན་བསྐྱེད་དེ་ཉིན་ཞིག་རྗེས་འདེད་བཏང་བས་དེར་སྒྲུབ་ཁང་ཡོད་པ་དང་། ར་དེས་སྒྲུབ་ཁང་ནང་དུ་འོ་མ་འབུལ་བར་འགྲོ་བ་ཕྱུགས་རྫིས་ཤེས་ནས་ཀུན་ལ་བཤད་པས་དེ་ནས་བཟུང་ཡུལ་མི་ཚོར་ངོ་མཚར་ཤིན་ཏུ་ཆེ་བའི་སྒྲུབ་ཕུག་དེ་རྙེད་པ་ཡིན་སྐད། སྒྲུབ་ཁང་ཕྱི་རོལ་དུ་ཡུལ་ལྗོངས་ཉམས་དགའ་ཞིང་། གུ་རུ་རིན་པོ་ཆེས་སྲིན་མོ་བཏུལ་བའི་པགས་པ་ས་གྲུབ་པའི་རྫ་རི་དམར་མདངས་ཅན་ཞིག་དང་། དེའི་ནུབ་ངོས་སུ་ཤིང་སྤ་མ་དང་། བ་ལུ། སུ་ལུ། གླང་མ། སེ་བ། སྒྲོ་བ་ཤིང་སོགས་ཀྱིས་བརྒྱན་པའི་ནགས་རི་དང་། སྔོ་ལྗང་གཡུ་ཡི་མཎྜལ་སྤུངས་འདྲའི་སྤང་རི་སོགས་ལས་སྨན་རྩྭའི་མེ་ཏོག་སྣ་ཚོགས་ཀྱི་དྲི་ཞིམ་འཐུལ་བ། རྩ་ཆེའི་སྲོག་ཚགས་གླ་བ། དགོ་བ། རྣ་གཡག ི་བོང་སོགས་རི་དྭགས་སྣ་ཚོགས་དང་། གཟིག སྤྲེའུ། ཝ་མོ། དྲེད་མོང་། སྤྱང་ཀི་སོགས་གཅན་གཟན་གྱི་རིགས། བྱ་ཐང་དཀར་དང་། བྱ་རྒོད། བྱ་ངང་། ལྷ་བྱ་གོང་མོ། ཁུ་བྱུག འཇོལ་མོ་སོགས་བྱ་རིགས་སྣ་ཚོགས་རྩི་ཤིང་མེ་ཏོག་གི་ཁྲོད་དུ་ཉམས་དགའ་བར་རྩེན་པའི་གནས་ཡིན་པ་མ་ཟད། སྒྲུབ་ཁང་གནས་ཡུལ་དེར་སྤྲེལ་ལོ་ནས་ཤར་ལ་སྤྲེལ་ལོ་སྤྲེལ་ལོ་སྤྲེལ་མཅོད་ཅེས་བོད་ཟླ་ལྔ་པའི་ཚེས་བཅུའི་ཉིན་ཆོས་ཕྱོགས་ཀྱི་དུས་སྟོན་ཞིག་གཏོང་སྲོལ་ཡོད། དུས་སྟོན་གྱི་ཉིན་དེར་ཡུལ་གྱི་སེར་སྐྱ་མང་ཚོགས་རྣམས་མཉམ་དུ་གནས་དེར་འཛོམས་ནས་དགའ་དད་སྤྲོ་གསུམ་ངང་ནས་སྒྲུབ་ཁང་མཇལ་བ་དང་། དཀོན་མཅོག་གསུམ་ལ་གསོལ་བ་སྨོན་ལམ་བཏབ་ཏེ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་མི་འབྱུང་བ། འཇིག་རྟེན་གྱི་ཁམས་འདིར་ནད་དང་། མུ་གེ། དམག་འཁྲུག་སོགས་རྐྱེན་ངན་གྱི་རྒྱུན་ཆད་དེ་ཆོས་འབྱོར་བདེ་དགེས་འཚོ་བར་གྱུར་ཅིག་སོགས་འགྲོ་བ་ཀུན་གྱི་བདེ་སཀྱིད་ཀྱི་ཆེད་དུ་རང་གི་བློ་དང་འཚམས་པའི་སྨོན་ལམ་བཟང་པོ་འདེབས་ཀྱི་ཡོད།
0 མཆན།:
Post a Comment
Click to see the code!
To insert emoticon you must added at least one space before the code.