2013-12-08

དྲི་བ། རྟེན་འབྲེལ་ཡན་ལག་བཅུ་གཉིས་དེ་གང་དག་ཡིན་ནམ།

ལན། ཐོག་མའི་མ་རིག་པ། འདུ་བྱེད་ཀྱི་ལས། རྣམས་ཤེས་ཀྱི་རྟེན་འབྲེལ། མིང་གཟུགས་ཀྱི་རྟེན་འབྲེལ། སྐྱེ་མཆེད་ཀྱི་རྟེན་འབྲེལ། ཚོར་བའི་རྟེན་འབྲེལ། སྲེད་པའི་རྟེན་འབྲེལ། ལེན་པའི་རྟེན་འབྲེལ། སྲིད་པའི་རྟེན་འབྲེལ། སྐྱེ་བའི་རྟེན་འབྲེལ། རྒ་ཤིའི་རྟེན་འབྲེལ་བཅས་ཡིན།

དྲི་བ། ཐོག་མའི་མ་རིག་པའི་མཚན་ཉིད་གང་ཡིན་ནམ།

ལན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་རང་འབྲས་ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བྱེད་ཀྱི་མི་ཤེས་པ་དེ་ཡིན།

དྲི་བ། འདུ་བྱེད་ཀྱི་ལས་ཀྱི་རྟེན་འབྲེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། རྟེན་འབྲེལ་ཚར་གཅིག་ཏུ་གཏོགས་པའི་གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་དངོས་ཀྱི་རྐྱེན་བྱེད་པའི་རིགས་སུ་གནས་པའི་ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ལས་སུ་དམིགས་པ་དེ་ཡིན།

དྲི་བ། ལས་སྟོབས་ལྡན་གྱི་སྒོ་ནས་བསྡུས་ན་བཞི་དེ་གང་དག་ཡིན་ནམ།

ལན། ཞིང་གི་སྒོ་ནས་སྟོབས་ཆེ་བ། རྟེན་གྱི་སྒོ་ནས་སྟོབས་ཆེ་བ། དངོས་པོའི་སྒོ་ནས་སྟོབས་ཆེ་བ། བསམ་པའི་སྒོ་ནས་སྟོབས་ཆེ་བ་དང་བཞི་ཡིན།

དྲི་བ། རྣམས་ཤེས་ཀྱི་རྟེན་འབྲེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། རྟེན་འབྲེལ་ཚར་གཅིག་ཏུ་རྟོགས་པའི་ལས་ནུས་པ་མཐུ་ཅན་དུ་མ་གྱུར་པའི་གནས་སྐབས་ཀྱི་གཙོ་བོ་ཡིད་ཀྱི་རྣམ་རིག་གང་ཞིག རྣམས་སྨིན་བསྐྱེད་མ་ཟིན་པའི་འཕེན་བྱེད་ཀྱི་བག་ཆགས་བསྒོ་གཞི་དེ་ཡིན།

དྲི་བ། མིང་གཟུགས་ཀྱི་རྟེན་འབྲེལ་གྱི་མཚན་ཉིད་གང་ཡིན་ནམ།།

ལན། རྟེན་འབྲེལ་ཚར་གཅིག་ཏུ་གཏོགས་པའི་ལྔ་པ་སྐྱེ་མཆེད་ཀྱི་སྔོན་རོལ་དུ་བྱུང་བའི་སྐྱེ་སྲིད་ཀྱིས་བསྡུས་པའི་རྣམ་

སྨིན་གྱི་ཕུང་པོར་དམིགས་པ་དེ་ཡིན།

དྲི་བ། སྐྱེ་མཆེད་ཀྱི་རྟེན་འབྲེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཟླས་ཕྱེ་བའི་ལྔ་པ་གང་ཞིག་རྟེན་འབྲེལ་ཚར་གཅིག་པའི་སྔོན་དུས་ཀྱི་སྲིད་པའི་གནས་སྐབས་ཀྱི་རྣམས་སྨིན་གྱི་ཕུང་པོར་དམིགས་པ་དེ་ཡིན།

དྲི་བ། ཚོར་བའི་རྟེན་འབྲེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། རྟེན་འབྲེལ་བཅུ་གཉིས་ཀྱི་ཡན་ལག་བདུན་པ་གང་ཞིག་སེམས་མྱོང་བའི་རྣམ་པ་ཅན་དུ་བྱེད་པའི་སེམས་བྱུང་དེ་ཡིན།

དྲི་བ། སྲེད་པའི་རྟེན་འབྲེལ་གྱི་མཚན་གང་ཡིན་ནམ།

ལན། རྟེན་འབྲེལ་བཅུ་གཉིས་ཀྱི་ཡན་ལག་བརྒྱད་པ་གང་ཞིག རྟེན་འབྲེལ་ཚར་གཅིག་ཏུ་གཏོགས་པའི་ལས་ནུས་པ་མཐུ་ཅན་དུ་འགྱུར་བའི་འདོད་ཆགས་སུ་དམིགས་པ་དེ་ཡིན།

དྲི་བ། ལེན་པའི་རྟེན་འབྲེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། རྟེན་འབྲེལ་བཅུ་གཉིས་ཀྱི་ཡན་ལག་དགུ་པ་གང་ཞིག རང་གི་དམིགས་ཡུལ་དུ་གྱུར་པའི་ལོངས་སྤྱོད་ལ་ལྷག་པ་ཆགས་པའི་འདོད་ཆགས་དེ་ཡིན།

དྲི་བ། སྲིད་པའི་རྟེན་འབྲེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། རྟེན་འབྲེལ་བཅུ་གཉིས་ཀྱི་ཡན་ལག་བཅུ་པ་གང་ཞིག ལས་ཀྱི་སྲིད་པས་བསྡུས་པ་དེ་ཡིན།

དྲི་བ། སྐྱེ་བའི་རྟེན་འབྲེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། རྟེན་འབྲེལ་བཅུ་གཉིས་ཀྱི་ཡན་ལག་བཅུ་གཅིག་པ་གང་ཞིག རྟེན་འབྲེལ་ཚར་གཅིག་པོ་དེའི་སྐྱེ་བའི་སྲིད་པས་བསྡུས་པ་དེ་ཡིན།

དྲི་བ། རྒ་ཤིའི་རྟེན་འབྲེལ་གྱི་མཚན་ཉིད་གང་ཡིན་ནམ།

ལན། ཚར་གཅིག་གི་རྟེན་འབྲེལ་བཅུ་གཉིས་པ་གང་ཞིག ཚར་གཅིག་པོ་དེའི་སྐྱེ་བ་ནས་བཟུངསྟེ་ན་ཚོད་གཞན་དུ་འགྱུར་བ་དང༌། ཕུང་པོའི་རིགས་མཐུན་འདོར་བ་གང་རུང་གིས་བསྡུས་པ་དེ་ཡིན།

དྲི་བ། ཡན་ལག་བཅུ་གཉིས་པོ་དེ་དག་ཚེ་དུ་ལ་རྫོགས་པ་ཡིན་ནམ།

ལན། མྱུར་ན་ཚེ་གཉིས་དང་རིང་ན་ཚེ་གསུམ་ལ་རྫོགས་པ་ཡིན།

དྲི་བ། ཉོན་མོངས་དུག་གསུམ་དེ་གང་ཡིན་ནམ།

ལན། འདོད་ཆགས། ཞེ་སྡང༌། གཏི་མུག་དང་གསུམ་ཡིན།

དྲི་བ། ཉོན་མོངས་དུག་གསུམ་དེ་དག་གང་དང་གང་འདྲ་བ་ཡིན་ནམ།

ལན། འདོད་ཆགས་བྱ་དེ་དང་འདྲ་བ། ཞེ་སྡང་སྦྲུལ་དང་འདྲ་བ། གཏི་མུག་ཕག་པ་དང་འདྲ་བ་ཡིན།
08 Dec 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.