2013-12-25


༑ རིན་ཆེན་སྒང་སངས་རྒྱས་ཁུ་དབོན་གྱི་རྣམ་ཐར་མཛད་པོ་སྤྱན་ལྔ་བློ་གྲོས་རྒྱལ་མཙན་ནི་བོད་རབ་བྱུང་བདུན་པའི་ཆུ་རྟ་སྤྱི་ལོ་ ༡༩༠༢ ལོར་ཡུལ་ལྷས་ལུང་ཆོས་གྲྭ་དགོན་གྱི་ཞོལ་གྲྭ་རྣམ་ཁང་ཞེས་པའི་ཡབ་དབྱེར་དབོན་ཆོས་སྐྱབས་དང་ཡུམ་ཇོ་མོ་བླ་མ་འབུམ་ལ་སྲས་ལྕམ་སྲིང་ལྔ་བྱུང་བའི་ནང་གི་བླ་མ་འདིའི་མཚན་ལ་ནམ་མཁའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞུ། དགུང་ལོ་བདུན་ལ་རིན་པོ་ཆེ་ཀུན་དགའ་བློ་གྲོས་ཀྱི་དྲུང་རྒྱ་མ་རིན་ཆེན་སྒང་གི་གཟིམ་ཁང་དཀར་པོའི་རྩེར་རབ་ཏུ་བྱུང་ནས་མཚན་ལ་བློ་གྲོས་རྒྱལ་མཚན་གསོལ། སྐམ་དགོན་གྱི་གདན་སར་ཕེབས། གྲྭ དགོན་མཁན་ཆེན་བསོད་ནམས་ཤེས་རབ་དང་། སྐྱོར་ལུང་མཁན་ཆེན་ཆོས་རྒྱལ་དཔལ་བཟང་། སློབ་དཔོན་ཤེར་བཟང་པ་སོགས་པ་བསྟེན། དགུང་ལོ་བཅུ་བདུན་ལ་གཙང་ཕྱོགས་སུ་བྱོན་ཏེ་དབེན་གནས་རི་བོ་མདངས་ཅན་དུ་མཁས་སྒྲུབ་དགེ་ལེགས་དཔལ་བཟང་གི་ཞབས་ལ་གཏུགས་ཏེ་སྲས་ཀྱི་ཐུ་བོར་གྱུར། དེར་ཆོས་རྗེ་བློ་གྲོས་པ་ཡི་ཞབས་ལའང་གཏུགས། དགུང་ལོ་བཅོ་བརྒྱད་ལ་ཞ ལུ་དང་གནས་རྙིང་རྣམས་སུ་གྲྭ་བསྐོར་མཛད། དགུང་ལོ་བཅུ་དགུ་ལ་སྦས་ཉ་དབོན་པོས་དབུས་སུ་གདན་དྲངས། དགུང་ལོ་ཉི་ཤུ་ལ་རྩེད་ཐང་དུ་ཆེན་པོ་བློ་འཕེལ་བས་གྲོགས་མཛད་ནས་བཤད་གསར་དང་གྲྭ་བསྐོར་མཛད། དེ་རྗེས་ཚོགས་ཆེན་དུ་མཁན་པོ་ཡོན་ཏན་རིན་ཆེན་ལས་སློབ་དང་གསང་སྟོན་སློབ་དཔོན་ནོར་བཟང་པ་སོགས་རྣམ་པར་དག་པའི་དབུས་སུ་བསྙེན་པར་པར་རྫོགས། དེ་ནས་མལ་གྲོ་སྤང་བ་སེ་བ་རོང་དུ་རྗེ་བཙུན་འཇམ་དཔལ་རྒྱ་མཚོ་མཇལ་བར་ལན་གཉིས་ཙམ་བྱོན་ཡང་སྐུ་མཚམས་སུ་བཞུགས་པས་མ་མཇལ། གཟིམ་ཁང་ལ་བསྐོར་བ་དང་ཕྱག་བཙལ། གསོལ་བ་བཏབ་ནས་འོལ་ཁར་བྱོན། རྗེ་བཙུན་འཇམ་དཔལ་རྒྱ་མཚོས་སེ་བ་རོང་ནས་གསུང་ཤོག་གནང་སྟེ་ཁྱེད་ངེད་ཀྱི་བླ་མ་སྤྱན་སྔ་བའི་དབོན་པོ་ཡིན་འདུག་པས་ཅིས་ཀྱང་བྱོན་དགོས་གསུངས་ནས་སླར་ཡང་མཇལ་དུ་བྱོན། སྐུ་དྲུང་ནས་སྦ་སྲི་མེད་པའི་ཆོས་གནང་བ་རྣམས་ལེགས་པར་གསན། བླ་མ་ལའང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་ཞིག་བྱུང་ཡོད་པར་སྣང་། བདག་གིས་ཀྱང་ཁོ་ཐག་ཆོད་པའི་ཐོས་པ་བྱས་པ་དང་། ཟེར་ཚད་ལ་ཕྱི་འབྲང་མ་བྱས་པ་ནི་མདུན་མ་ལེགས་པའི་ཚད་དུ་གྱུར་ཅེས་གསུངས་ནས་འོལ་ཁར་ཕྱིར་ཕེབས་ཏེ་རྫིང་ཕྱི་མཁན་པོ་རྗེ་བཙུན་བཟང་པོ་སྐྱོང་བའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། འོལ་ཁ་རྫོང་དཔོན་རྒྱ་མཚོ་བས་ཀྱང་བཀུར་བསྟི་ཕུན་གསུམ་ཚོགས་པ་མཛད། ཕྱིས་སྐམ་དགོན་གྱི་གདན་ས་མ་མཛད་པར་ནམ་མཁའ་རྒྱལ་པོར་བསྐོས། དེ་ནས་བཟུང་རྒྱ་མ་རིན་ཆེན་སྒང་དང་། ཟངས་ལུང་། པུ་རྒྱབ་སོགས་ལ་སྒྲུབ་རྩེ་གཅིག་ཏུ་མཛད། ཇོ་བོ་རྗེ་གཤེགས་ཁར་ཚེ་བློས་གཏོང་གསུངས་པ་ཞིག་བྱུང་། ཉམས་ལེན་གྱི་སྙིང་པོ་ནི་འདུ་འཛི་སྤོང་བ། ཐོས་པ་གསོག་པ། ནོར་མི་འཚོལ་བ། ཇ་ཆང་བཙན་དུག་ལྟར་སྤོང་བ། འདོད་ཡོན་ལ་འཁྲི་པ་གཅོད་པ་། འགྲོ་བ་ཀུན་བུ་གཅིག་ལྟར་བརྩེ་བར་མཛད་པ་དེ་དག་ཡིན་ཅེས་གསུངས། བླ་མ་བཅུ་ཕྲག་གཉིས་ལ་ཉེ་བ་བསྟེན་པར་མཛད་པ་ནི་རྗེ་ཙོང་ཁ་པ། རྒྱལ་ཚབ་རྗེ། མཁས་སྒྲུབ་རྗེ། དགའ་ལྡན་ཁྲི་ཐོག་བཞི་པ་ཆོས་རྗེ་བློ་གྲོས་པ། འདི་འཇིན་པ་འཇམ་དཔལ་རྒྱ་མཙོ། བཟང་སྐྱོངས་པ། ཆོས་བཟང་པ། དགྱེར་ཀུན་དགའ་བློ་གྲོས། གཞོན་འོད་པ། བསོད་ནམས་བཟང་པོ་སོགས་ལེགས་པར་བསྟེན་ཅིང་སྐབས་དེར་རྒྱ་མ་རིན་ཆེན་སྒང་ཡང་དགོན་པ་མི་ཉམས་གོང་འཕེལ་དུ་གནས་ཤིང་རྗེ་མཁས་སྒྲུ་དགེ་ལེགས་དཔལ་བཟང་ཡང་རིན་ཆེན་སྒང་དུ་བླ་མ་སྤྱན་སྔ་བས་གདན་དྲངས་ཏེ་ལམ་རིམ་གྱི་བཀའ་ཆོས་ཉིན་མང་པོའི་བར་གསུངས། མདོར་ན་རིན་པ་ཆེ་སྤྱན་སྔ་བློ་གྲོས་རྒྱལ་མཚན་མཆོག་གིས་མཛད་འཕྲིན་བསམ་བརྗེད་ལས་འདས་པ་ཞིག་བསྐྱངས་ཡོད། བཀའ་གདམས་པའི་དགེ་བའི་བཤེས་གཉེན་གསུམ་ལ་སོགས་པའི་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་པའི་གནས་མཅོག་རྒྱ་མ་ནི་མཛེས་ཤིང་ཡིད་དུ་འོང་ཞིག་ཏུ་མ་ཟད། རི་བོ་རྣམས་ཀྱང་རིན་ཆེན་སྣ་ལྔའི་བང་མཛོད་ཡིན་པར་དཔེར་ན། རྒྱ་མའི་ཤར་ཐ་ལུང་ནང་དུ་ཞ་ཁུང་ནང་ཟེར་བའི་རི་བོ་ནི་ཞ་ཉེའི་གཏེར་མཛོད་ཡིན་པ་དང་། ཇོ་མོ་གཡའ་ཟངས་ཅེས་པའི་རི་རྒྱུད་དང་། ཨོ་རྒྱན་པཎ་ཞྭ་ཞེས་པའི་རི་རྒྱུད། རི་བོ་མཎྜལ་དང་ཉེ་བའི་སར་དབུས་རི་སྒང་ཅེས་པའི་རི་རྒྱུད་སོགས་ལ་རིན་ཆེན་སྣ་ལྔའི་གཏེར་ཁ་ཡོད་པ་མེས་པའི་ངག་སྒྲོས་དང་། དེར་སྐབས་ཚན་རིག་མཁས་པས་བརྟག་དཔྱད་གནང་བ་གཉིས་མཐུན་ནས་ཚད་མཐོའི་ཙན་རིག་ལག་རྩལ་ལ་བྱང་ཆུབ་པའི་གཞུང་ཁུངས་ཁེ་ལས་དང་སྒེར་གཉེར་ཁེ་ལས་མང་པོས་རིན་ཆེན་སྣ་ལྔའི་གཏེར་གྱི་སྒོ་མོ་ཕྱེ་ནས་ཁྲོམ་རའི་དཔལ་འབྱོར་གྱི་འགྲན་རྩོད་ཆེན་པའི་ནང་དུ་བཞུགས་བཞིན་ཡོད། ལུང་པའི་གཡས་གཡོན་གང་སར་གཞུང་ལམ་གྱི་དྲ་བ་ཆགས་ཡོད་པས་མ་འོངས་པར་རྒྱ་མའི་ནང་ནས་བསམ་ཡས་སོགས་གང་སར་རླངས་འཁོར་ཤར་གཏོང་ཐུབ་ནས་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཡུལ་སྐོར་བར་བརྒྱུད་ལམ་སྟབས་བདེ་ཡོང་ངེས་ཡིན། ངོ་མཚར་ཤིན་ཏུ་ཆེ་བའི་རི་བོའི་སྟེང་གི་གྲངས་ལས་འདས་པའི་ཅུ་མིག་དེ་ཚོས་སྙན་འཇེབས་ལྡན་པའི་ཤང་ཤང་གི་གླུ་དབྱངས་ལེན་བཞིན་རི་གཤམ་དུ་བབས་ནས་དེ་རྣམས་གཅིག་ཏུ་འགྲིལ་ཏེ་རྒྱ་མ་ཤིང་ཆུ་ཞེས་པའི་ཡུལ་གྱི་གཞུང་ཆུ་ཆེན་པོ་དེ་ཆགས་ཡོད། ཆུ་བོ་དེ་ནི་མི་ཕྱུགས་ཀུན་བོད་ཀྱི་འགྲོ་བ་བྱུང་བ་ནས་མ་སྟོངས་བར་དུ་ཕན་ཐོགས་ཧ་ཅང་ཆེ་བའི་ཡན་ལགས་བརྒྱད་ལྡན་གྱི་ཆུ་བོ་ཞིག་ཡིན། ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་སུ་བོད་ཁྲི་སྐོར་བཅུ་གསུམ་སྐབས་དབུས་སྟོད་རྒྱ་ཁྲི་ཁང་འདི་ཡང་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ཡིན་པ་ལོ་རྒྱུས་ནང་ཡོངས་སུ་གྲངས་ཤིང་རྒྱ་མ་ཀྲི་ཁང་ཞེས་པའི་མིང་དེ་ཡང་དེའི་དུས་སུ་ཐོགས་ཡོད། རྒྱ་མ་ཁྲི་ཁང་སྣིའུ་ཐིལ་དུ་བོད་ཁྲི་སྐོར་བཅུ་གསུམ་གྱི་མཚོན་་རྟགས་ཚ ཁང་ཞིག་དང་དར་ཆེན་ཞིག་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོས་མགན་སྦུག་རི་འདི་རི་དཔྱད་བཟང་བའི་རྟེན་འགྲེལ་དང་དགོས་པ་ཁྱད་པར་ཅན་ལ་དགོངས་ནས་རི་ཟུར་གྱི་སྟེང་དུ་རྒྱལ་པོའི་སྐུ་མཁར་ཞེས་པའི་ལྷ་ཁང་ཞིག་བཞེངས་ཏེ་ལྷ་ཁང་དེའི་ནང་ཆོས་རྒྱལ་རང་ཉིད་ཀྱི་སྐུ་བརྙན་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་གཞལ་གཟིགས་པ་བྱིན་ཅན་ཞིག་བཞེངས་གནང་མཛད། མགོན་སྦུག་རི་འདི་དབྱིབས་ཟུར་གསུམ་དང་ཤིང་སྣ་རྡོ་བའི་ཁ་དོག་སོགས་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་དངོས་བཞུགས་པའི་མཚན་མ་ཁྱད་པར་ཅན་ཡོད་པས་རི་དེའི་འདབས་སུ་རྒྱལ་པོའི་རྟེན་ཆགས་པའི་དུར་ཁྲོད་ཡོད། དེའི་ཉེ་འདབས་ཀྱི་ཕ་བོང་ལེབ་མོ་ཞིག་གི་སྟེང་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུགས་སྨོན་མཛད་སྐབས་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱ་པོ་རྟེན་དང་བརྟེན་པར་བཅས་པ་དུར་ཁྲོད་དཀྱིལ་གྱི་ནམ་མཁའ་ནས་ཞལ་གཟིགས་ཏེ་དུར་ཁྲོད་དུ་མངོན་གསུམ་དུ་ཐིམ་པས་རྒྱལ་པོའི་རྟེན་ཆགས་དུར་ཁྲོད་དུ་གྲགས། རྒྱལ་པོས་ཕ་བོང་ལེབ་མོའི་སྟེང་དུ་ཕྱག་མཛད་པས་རྒྱལ་པོའི་དབུ་ཐོད་དང་ཕྱག་ཞབས་ཀྱི་རྗེས་མངོན་སུམ་དུ་མཇལ་རྒྱུ་ཡོད། དུར་ཁྲོད་དེར་རྒྱ་གར་བསིལ་བ་ཚལ་གྱི་དུར་ཁྲོད་དང་ཁྱད་མེད་ཀྱི་བྱིན་རླབས་བཞུགས་ཡོད་པས་ཕུང་པོ་བྱ་གཏོར་བྱས་ཆེ་འཕགས་པ་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་རྩ་ཆེའི་དུར་ཁྲོད་ཞིག་ཡིན།
25 Dec 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.