2013-12-25


ལང་ལོང་སྤྲིན་དཀར་ལྡིང་བའི་ཤར་ཕྱོགས་སུ། །
རབ་རིབ་བྲལ་བའི་ཡུལ་བཟང་རྒྱ་མའི་ལྗོངས། །
བརྗིད་བརྗིད་ལྷམ་མེར་སྤང་དང་ལྗོན་པའི་རི། །
སྐྱེ་རྒུའི་བསོད་ནམས་ཟོང་གིས་ཉིས་པ་བཟིན། །

དེ་ཡང་སྣོན་རྒྱ་མ་ཞེས་པའི་ཡུལ་ལུང་འདིར་བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་པ་སོགས་ལོ་རྒྱུ་ཡིག་མང་པོར་གསལ་བ་དང། དེ་ཡང་འཕགས་པ་སྤྱིན་རས་གཟིགས་ཀྱི་ཐུགས་ཀ་ནས་འོས་ཟེར་ཅིག་འཕྲོས་ཏེ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་སོང་། བོད་ཁ་བ་ཅན་གྱི་ཡུལ་ཐམས་ཅད་འོད་ཟེར་གྱིས་ཁྱབ་པར་མཛད།
ཡང་སྣོན་སྦྲ་སྟོད་ཚལ་ཡང་འོད་ཟེར་གྱིས་ཁྱབ་པར་མཛད། ཕོ་བྲང་བྱམས་པ་མི་འགྱུར་གླིང་ཡང་འོད་ཟེར་གྱིས་ཁྱབ་པར་མཛད། རྒྱལ་པོ་གནམ་རི་སྲོང་བཙན་ཡང་འོད་ཟེར་གྱིས་ཁྱབ་པར་མཛད་དོ། དེ་ནས་ཡང་འོད་ཟེར་དེ་རྣམས་འདུས་ཏེ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་བཙུན་མོ་འབྲི་བཟའ་ཐོད་དཀར་མའི་ལྷུམས་སུ་བཞུགས་པ་དང་། བཀྲ་ཤིས་པའི་ལྟས་ཀྱིས་ཕྱོགས་ཐམས་ཅད་ཀྱབ་པར་གྱུར་ཏེ། དེར་ཟླ་བ་དགུ་ངོ་བཅུ་ལོན་པ་ན་སྲས་ཁྱད་པར་དུ་འཕགས་པ་ཞིག་བོད་མེ་གླང་སྤྱི་ལོ་ ༦༡༧ ལོར་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་བལྟམས་ཏེ་དབུ་ལ་སངས་རྒྱས་ཨ་མི་དེ་བ་བཞུགས་པ། ཕྱགས་ཞབས་འཁོར་ལོས་མཚན་པ། དབུ་སྐྲ་མཐོན་མཐིང་དུ་ཡོད་པ་ཞིག་བལྟམས་སོ། ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་འཀྲུངས་པ་དང་དུས་མཉམ་དུ་ཕོ་བྲང་གི་ཉེ་འགྲམ་དུ་ཆུ་མིག་ཅིག་འཁྲུངས་པ་དང་། ཆུ་མིག་དེའི་ནང་ནས་རྡེ་སྐུ་རིན་པོ་ཆེ་གཅིག་དང་མ་ཎི་ཡིག་དྲུག་གི་རང་བྱོན་གཅིག་དུས་མཉམ་དུ་འཁྲུངས། ཆུ་མིག་དེ་ནི་དེང་སྐབས་ཡུལ་མི་ཚོས་སྤྱོད་བཞིན་པའི་ཁྲེང་འགོ་ཆུ་མིག་ཅེས་པ་དེ་ཡིན། རྡོ་སྐུ་རིན་པོ་ཆེ་དེ་ད་ཆ་ལྷ་ས་ཕ་བོང་ཁ་ལ་མཇལ་རྒྱུ་ཡོད་པ་མ་ཟད་སྔོན་བྱོན་མཁས་དབང་དུ་མའི་གསུང་རྒྱུན་ལྟར་དགེ་འདུན་པ་ཚོས་སྤྱན་རས་གཟིགས་ཀྱི་སྐུ་ལ་ངོས་འཛིན་གནང་གི་ཡོད་པ་རེད། མ་ཎི་ཡིག་དྲུག་གི་རང་བྱོན་དེ་ནི་ད་ལྟ་རྒྱ་ཁྲི་ཁང་ནང་གི་རབ་བརྒྱུད་གླིང་དགོན་པའི་ནང་དུ་མཇལ་རྒྱུ་ཡོད། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས། བྱང་ཆུབ་སེསམས་དཔའ་རྣམས་ཀྱི་བཀྲ་ཤིས་བརྗོད། ལྷ་རྣམས་ཀྱིས་མེད་ཏོག་གི་འཆར་ཕབ་སྟེ་ས་ཡང་རྣམ་པ་དྲུག་ཏུ་གཡོས་པར་གྲགས། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། མི་རྣམས་བཅས་ཀྱི་མཏོང་ལུགས་མི་འདྲ་བ་གསུམ་མཐོང་བ་ལས། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྣང་བ་ལས་འཕགས་པ་སྤྱིན་རས་གཟིགས་ཀྱིས་མཏུ་ལ་བརྟེན་ནས་བོད་་བ་ཅན་གྱི་སེམས་ཅན་རྣམས་སྨིན་གྲོལ་ལ་བཀོད་ནས་མཐའ་འཁོབ་ཀྱི་ཡུལ་འདི་མུན་པའི་རུམ་དུ་སྒྲོན་མེ་སྤར་བ་ལྟར་གྱུར་ཏེ་རིན་པོ་ཆེའི་གླིང་དུ་གཟིགས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣ་བ་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས་མཐའ་འཁོབ་ཁ་བ་ཅན་པའི་སེམས་ཅན་རྣམས་ཆོས་ལ་འགོད་པའི་ཕྱིར་དུ་སྤྲུལ་པའི་རྒྱལ་པོའི་སྐུར་བསྟན་ནས་གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་བྱེད་པའི་སྣང་བ་བྱུང་ངོ་། མི་རྣམས་ཀྱི་སྣང་བ་ལ་རྒྱལ་པོ་ལ་སྲས་འགྲན་ཟླ་དང་བྲལ་བའི་ངོ་མཚར་དང་ལྡན་པ་ཟིག་འཁྲུངས་པར་མཐོང་ངོ། དེ་ནས་རྒྱལ་པོ་ནར་ལོན་དུས་རིགས་པའི་གནས་ལྔ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གྱུར་བས་བློན་པོ་རྣམས་ན་རེ། འོ་ཅག་གི་རྗེ་འདི་ནིན་ཡོན་ཏན་དུ་མ་དང་ལྡན་ཏེ་ཐུགས་ཤིན་ཏུ་སྒམ་མོ་ཟེར་བས་མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གསོལ། རྒྱལ་སྲས་འདི་ཉིད་སྐུ་ན་ཆུང་ངུའི་དུས་ནས་མཁྱེན་རབ་ལྷག་ར་གསལ་ཞིང་བློ་གྲོས་གྱི་གཏིང་དཔོག་པར་དཀའ་བ་དང་། དཔའ་མཛངས་བརྟུལ་ཕོད་པའི་སྙིང་སྟོབས་དང་ལྡན་པ་ཞིག་ཡོད། རྒྱལ་སྲས་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་ལ་ཕེབས་སྐབས་བོད་ཀྱི་རྒྱལ་པོའི་ཁྲི་ལ་མངའ་གསོལ། དེ་སྐབས་མྱང་མང་པོ་རྗེ་ཞང་སྣང་དང་། ཁྱུང་པོ་སྤུང་སད་ཟུ་ཙེ། དབས་དབྱི་ཚབ། མགར་སྟོང་བཙན་ཡུལ་བཟུངས། ཐོན་མི་སམ་བྷོ་ཊ་ འགྲི་སེ་རུ་གུང་སྟོན། སྙགས་ཁྲི་བཟང་ཡང་སྟོན་སོགས་ཕྱི་ནང་བར་གསུམ་གྱི་བློན་པོ་བརྒྱ་ཕྲག་འགའ་ཤས་ཡོད་པར་གསུངས། བཙུན་མོའི་དམ་པ་མོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས་པར་རྒྱལ་སྲས་གུང་སྲོང་གུང་བཙན་བལྟམས། དེ་ནས་ཞང་ཞུང་བཟའ་ལི་ཐིག་སྨན། མི་ཉག་རུ་ཡོང་བཟའ། བལ་བཟའ་ཁྲི་བཙུན། རྒྱ་བཟའ་ཀོང་ཇོ་བཅས་སྔ་རྗེས་ཁབ་ཏུ་བཞེས། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡུལ་གཅིག་གྱུར་དང་བདེ་བར་སྐྱོང་ཆེད་སྤྱི་ལོ་ ༦༣༡ ལོར་བོད་ལྕགས་ཡོས་ཆོས་རྒྱལ་དགུང་གྲངས་བཅོ་ལྔར་ཕེབས་སྐབས་རྒྱ་མའི་ཕོ་བྲང་བྱམས་པ་མི་འགྱུར་གླིང་ནས་བོད་ཡུལ་གྱི་གནས་གཞི་དེ་དབུ་རུ་ཤོད་ཆེན་གྱི་སའི་ལྟེ་བ་འོ་ཐང་གི་ཚེའུའི་འགྲམ་དུ་སྤོ་གནང་མཛད་པ་དང། དེའི་ལྡེ་གནས་དམར་པོ་རེའི་སྟེང་དུ་ཕོ་བྲང་མཐོང་ཞིང་བཙན་པ་ཞིག་བཞེངས་མཛད་དེ་རྒྱལ་བློན་དཡུ་དང་བཅས་དེར་བཞུགས་ནས་བོད་ཡོངས་ལ་དབང་བསྒྱུར་བའི་མདུན་ས་ཆེན་པོ་འཛུགས་གནང་མཛད་པ་དང། བོད་ཀྱི་ས་ཁུལ་རྣམས་དྲག་པོའི་གཡུལ་གྱི་སྒྲིག་གཞི་གཙོ་བོར་བྱས་པའི་དབང་འཛིན་གྱི་ས་ཁུལ་ཆེན་པོ་ལྔ་སྟེ་དབུ་རུ་དང། གཡོ་རུ། གཡས་རུ། རུ་ལག གསུམ་པའི་རུ་བཅས་ལ་དབྱེ་བ་དང་། དེ་བཞིན་ཡུལ་གྱི་དབང་རིགས་རྣམ་པ་བཅོ་བརྒྱད་དང་། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ལ་སོགས་པར་ཕྱེ་གནང་མཛད། དེ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐོན་མི་སམ་བྷོ་ཊ་རྒྱ་གར་འཕགས་པའི་ཡུལ་དུ་མངགས་ནས་ད་ལྟའི་བོད་ཡིག་འདི་གསར་གཏོད་གནང་བ་དང་། བོད་འབངས་རྣམས་སྒྲ་དང་ཡི་གེ་རིག་པའི་གནས་ཀྱི་དགའ་ཚལ་དུ་བཞུགས་པའི་སླད་དུ་ཆོས་རྒྱལ་ཉིད་ཀྱིས་ཐོན་མི་སློབ་དཔན་དུ་བསྟེན་ནས་ལྷ་སའི་སྐུ་མཁར་མ་རུར་ (ཕ་བོང་ཁ་) ལོ་གསུམ་མམ་བཞིའི་རིང་སྐུ་མཚམས་དམ་པོར་བཅད་ནས་ཡི་གེ་འབྲི་ཀློག་སོགས་ལ་མཁས་པར་སྦྱངས། དེ་སྐབས་ཐོན་མི་སོགས་འཕགས་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་ཐོག་མར་བོད་ཡིག་བསྒྱུར་ཅིང་། དུས་དེ་ནས་བཟུང་བོད་དུ་སངས་རྒྱས་ཀྱི་ཆོས་ལུགས་དངོས་སུ་དར་འགོ་ཚུགས། བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམ་དྲུག་གཏན་ལ་ཕབ་པ་དང་། ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་བཙུགས་ནས་རྒྱལ་སྲིད་བསྐྱངས། བློན་པོ་འགར་སྟོང་བཙན་ཡུལ་ཟུང་སོགས་བལ་ཡུལ་དང་། རྒྱ་ནག་ཏུ་མངགས་ཏེ་བལ་མོ་བཟའ་ཁྲི་བཙུན་དང་། རྒྱ་མོ་བཟའ་ཀོར་ཇོ་གཉིས་སྔ་རྗེས་སུ་ཁབ་ཏུ་བཞེས་ཏེ་ལྷ་ལྡན་གཙུག་ལག་ཁང་དང་། རྒྱ་སྟག་ར་མོ་ཆེའི་ལྷ་ཁང་བཞེངས། དེ་བཞིན་བྲག་ཡེར་པའི་ལྷ་ཁང་དང་། བྲག་ལྷ་ཀླུ་སྒུག་གི་ལྷ་ཁང་། དབུ་རུ་ཀ་ཚལ་གྱི་ལྷ་ཁང་། གཡས་རུ་གཙང་འགྲམ་གྱི་ལྷ་ཁང་། ཀོང་པོ་བུ་ཅུ་ལྷ་ཁང་། ལྷོ་བྲག་ཁོ་ཐིང་ལྷ་ཁང་། ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་། མོན་སྐྱེར་ཆུ་ལྷ་ཁང་སོགས་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་མང་པོ་བཞིངས། གཞན་ཡང་ཆོས་རྒྱལ་སྐུ་ཉིད་ཀྱིས་མི་རིགས་གཞན་གྱི་སྔོན་ཐོན་ལེགས་ཆ་སློབ་སྦྱོང་ངམ་བཅུད་ལེན་མཛད་པ་དཔེར་ན། བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་ཤར་ཕྱོགས་རྒྱ་དང་མི་ཉག་གི་ཡུལ་ནས་བཟོ་དང་རྩིས་ཀྱི་དཔེ་བླངས། ལྷོ་ཕྱོགས་རྒྱ་གར་ཡུལ་ནས་དམ་པའི་ཆོསཀྱི་སྒྲ་རྣམས་་བསྒྱུར། ནུབ་ཕྱོགས་སོག་པོ་དང་བལ་པོ་ནས་ཟས་ནོར་ལོངས་སྤྱོད་ཀྱི་གཏེར་ཁ་འབྱེད། བྱང་ཕྱོགས་ཧོར་དང་ཡུ་གུར་ནས་ཁྲིམས་དང་ལས་ཀྱི་དཔེ་རྣམས་བླངས། དེ་ལྟར་ཕྱོགས་བཞི་ལ་དབང་བསགྱུར་ནས་མཐའ་ཡི་ལོངས་སྤྱོད་དབང་དུ་བསྡུས་པ་དང་། བོད་ཁམས་ཡོངས་རྫོགས་གཅིག་གྱུར་མཛད་པས་མ་ཚད་སྐུ་ཚེའི་སྨད་དུ་བལ་ཡུལ་ཡང་དབང་དུ་འདུས་ནས་བཙན་པོའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ཇེ་ཆེར་སྤེལ་བའི་མཛད་རྗེས་བསམ་བརྗོད་ལས་འདས་པ་ཞིག་འཇོག་གནང་མཛད། མདོར་ན་རང་ཅག་བོད་རིགས་ཀྱི་ལོ་རྒྱུས་ཐོག་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་རབས་འདི་ནི་སྟོབས་ཤུགས་དང་དར་རྒྱས་ཆེས་ཆེར་སོན་ཏེ་ཨེ་ཤ་ཡའི་གླིང་ཆེན་འདིར་སྙན་གྲགས་ཀྱི་བ་དན་ལྷབ་ལྷུབ་ཏུ་གཡོས་པའི་ལོ་རྒྱུས་ཀྱི་མཚན་སྙན་དུས་ད་ལྟའང་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་ཁྱབ་ནས་ཡོད་དོ།
25 Dec 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.