2013-12-29

དྲི་བ། ཐེག་པ་ལ་གཉིས་དེ་གང་ཡིན་ནམ།

ལན། ཐེག་ཆེན་གྱི་ཐེག་པ་དང༌། ཐེག་དམན་གྱི་ཐེག་པ་གཉིས་ཡིན།

དྲི་བ། འཇིག་རྟེན་ལ་གཉིས་དེ་གང་ཡིན་ནམ།

ལན། སྣོད་ཀྱི་འཇིག་རྟེན་དང༌། བཅུད་ཀྱི་འཇིག་རྟེན་གཉིས་ཡོད།

དྲི་བ། སྣོད་ཀྱི་འཇིག་རྟེན་ཟེར་ན་གང་ཞིག་ལ་ཟེར།

ལན། འཇིག་རྟེན་གྱི་བཀོད་པ་ས་རྡོ་རི་བྲག་དང༌། རྩི་ཤིང་ནགས་འཚལ་སོགས་ལ་གོ་བ་ཡིན།

དྲི་བ། བཅུད་ཀྱི་འཇིག་རྟེན་ཟེར་ན་གང་ཞིག་ལ་ཟེར།

ལན། ལས་ཉོན་གྱིས་གཞན་དབང་དུ་གྱུར་པའི་མི་དང་དུད་འགྲོ་སོགས་སེམས་ཅན་རྣམས་ལ་གོ་བ་ཡིན།

དྲི་བ། མཐའ་གཉིས་དེ་གང་ཡིན་ནམ།

ལན། ཡོད་པ་རྟག་མཐའ་དང༌། མེད་པ་ཆད་མཐའ་གཉིས་ཡིན།

དྲི་བ། དོན་གཉིས་དེ་གང་ཡིན་ནམ།

ལན། རང་དོན་དང༌། གཞན་དོན་གཉིས་ཡིན།

དྲི་བ། བདག་མེད་གཉིས་དེ་གང་ཡིན་ནམ།

ལན། གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་གཉིས་ཡིན།

དྲི་བ། དབང་པོ་རྣོ་རྟུལ་གཉིས་དེ་གང་ཡིན་ནམ།

ལན། དབང་རྟུལ་དད་པའི་རྗེས་འབྲང་དང༌། དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས་ཡིན།

དྲི་བ། དབང་རྟུལ་དད་པའི་རྗེས་འབྲང་ཟེར་ན་གང་རེད།

ལན། བརྟགས་དཔྱད་གང་ཡང་མེད་པ་གཞན་གྱི་བཤད་ཚོད་ལ་འདེན་པར་འཛིན་མཁན་ཞིག་ལ་ཟེར།

དྲི་བ། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཟེར་ན་གང་རེད།

ལན། བྱ་བ་གང་བྱེད་ཀྱང་ཡང་དག་པའི་རིགས་པས་ལེགས་པར་བརྟགས་ནས་བྱ་བ་ལ་འཇུག་པའི་གང་ཟག་ཞིག་ལ་ཟེར།

དྲི་བ། བདེ་བ་ལ་གཉིས་དེ་གང་ཡིན་ནམ།

ལན། གནས་སྐབས་ཀྱི་བདེ་བ་དང༌། མཐར་ཐུག་གི་བདེ་བ་གཉིས་ཡོད།

དྲི་བ། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཟེར་ན་དེ་དག་གང་ཡིན་ནམ།

ལན། གནས་སྐབས་ལྷ་མིའི་བདེ་བ་དང༌། མཐར་ཐུག་སངས་རྒྱས་ཀྱི་བདེ་སྐྱིད་བླ་ན་མེད་པར་ཟེར།

དྲི་བ། བདེན་པ་གཉིས་དེ་གང་ཡིན་ནམ།

ལན། དོན་དམ་བདེན་པ་དང༌། ཀུན་རྫོབ་བདེན་པ་གཉིས་ཡིན།

དྲི་བ། ནང་པ་སངས་རྒྱས་པའི་ལྟ་སྤྱོད་གཉིས་དེ་གང་ཡིན་ནམ།

ལན། ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་འཚེ་བ་མེད་པ་གཉིས་ཡིན།

དྲི་བ། གྲུབ་མཐའ་ལ་གཉིས་དེ་གང་ཡིན་ནམ།

ལན། ནང་པའི་གྲུབ་མཐའ་དང༌། ཕྱི་རོལ་པའི་གྲུབ་གཉིས་ཡོད།

དྲི་བ། གྲུབ་མཐའ་སྨྲ་བ་གཉིས་དེ་གང་ཡིན་ནམ།

ལན། ནང་པའི་གྲུབ་མཐའ་སྨྲ་བ་དང༌། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་གཉིས་ཡོད།

དྲི་བ། དགྲ་བཅོམ་པ་ལ་གཉིས་དེ་གང་ཡིན་ནམ།

ལན། ལྷག་བཅས་དགྲ་བཅོམ་པ་དང༌། ལྷག་མེད་དགྲ་བཅོམ་པ་གཉིས་ཡོད།

དྲི་བ། རབ་ཏུ་བྱུང་བའི་བྱ་བ་ལ་གཉིས་དེ་གང་ཡིན་ནམ།

ལན། ཀློག་པ་ཐོས་དང༌། སྤོང་བ་བསམ་གཏན་གཉིས་ཡིན།

དྲི་བ། ཚོགས་གཉིས་དེ་གང་ཡིན་ནམ།

ལ། བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་གཉིས་ཡོད།

0 མཆན།:

Post a Comment