2013-12-25


༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༩ རེས་གཟའ་པ་སངས་ཉིན་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྒྱ་མ་ཤང་གི་གཏེར་ཁ་སྔོག་ཡུལ་དུ་རི་ཉིལ་ཏེ་གཏེར་ཁ་སྔོག་མཁན་མི་གྲངས་ ༨༣ ས་འོག་ཏུ་ཤོར་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་དྲ་རྒྱའི་ཐོག་བཀོད་ཡོད་པ་མ་ཟད།དེའི་ཁོངས་བོད་མི་གཉིས་ཡོད་ཚུལ་བཀོད་འདུག ད་བར་ས་འོག་ནས་ཕུང་པོ་ཁ་ཤས་ཤིག་འདོན་ཐུབ་ཡོད་པ་ཙམ་ལས། ས་འོག་ཏུ་ཤོར་བ་རྣམས་གསོན་པའི་རེ་བ་དེ་ཙམ་མེད་པར་གྱུར་འདུག ས་ཁུལ་དེ་ནས་རྒྱ་ནག་གཞུང་གིས་གསེར་དང་ཟངས་ཀྱི་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད། གནས་ཚུལ་འདིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་ཚན་པས་བློ་ཕམ་དང་སྦྲགས། བློ་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པའི་ཐོག་ནས་རྒྱ་ནག་གཞུང་གིས་བཏོན་པའི་མི་གྲངས་དང་གོད་ཆག་ཚབས་ཆེ་ཆུང་འགྲེལ་བརྗོད་བྱས་པ་དེ་ཇི་ཙམ་བདེན་པ་ཡིན་མིན་ཐོག་བློ་དོགས་ཡོད་ཚུལ་སྐོར་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་གྱིས་བརྗོད་དོན། རྒྱ་ནག་གཞུང་གིས་ས་ཁུལ་དེར་གཏེར་ཁ་སྔོག་འདོན་ཤུགས་ཆེ་བྱས་པའི་ཉེར་ལེན་ལ་བརྟེན་ནས་གོད་ཆག་འདི་བྱུང་བ་ཞིག་ཆགས་ཡོད།

དེར་བརྟེན་གོད་ཆག་འདི་ནི་མིས་བཟོས་པ་ལས་རང་བྱུང་གི་གོད་ཆག་ཅིག་གཏན་ནས་མིན། རྒྱ་མའི་གཏེར་ཁ་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་མལ་གྲོ་གུང་དཀར་རྫོང་དུ་ཆགས་པ་དང། ལྷ་ས་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༦༨ སར་ཡོད་འདུག ཁུལ་དེར་གསེར་དང་ཟངས། དངུལ། ཞ་ཉེ། ཏི་ཚ། ཞ་དཀར་ལྕགས་རྫས་ (molybdenum) སོགས་ལྕགས་རིགས་སྣ་ཚོགས་འཐོན་བཞིན་ཡོད་པར་བརྟེན། ལོ་བཅུའི་ནང་རྒྱ་ནག་གི་ཟངས་ཀྱི་གཏེར་ཁ་མང་ཤོས་ཀྱི་ཐོན་ཁུངས་ཤིག་ཆགས་སྲིད། ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གཞུང་གིས་རྒྱ་མའི་གཏེར་ཁ་སྔོག་འདོན་ལས་གཞི་དེ་ཁོར་ཡུག་དང་མཐུན་པ་ཞིག་བཟོ་རྒྱུར་བདམས་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང་ཡར་རྒྱས་ཀྱི་མིག་དཔེ་འོས་པ་ཞིག་བཟོ་རྒྱུའི་ཁས་ལེན་ཡང་བྱས་ཡོད་པར་བརྟེན། གནད་དོན་དེ་དག་གལ་ཆེ་ཤོས་སུ་འཛིན་ཏེ་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་ཐོག་ནས་སྲིད་བྱུས་ལག་བསྟར་བྱེད་དགོས་པ་ཆགས་ཡོད། ཁུལ་དེར་གཏེར་ཁ་སྔོག་འདོན་བྱེད་སྐབས་འཕྲུལ་ཆས་དང་འཕྲུལ་རྫས་སོགས་ཀྱི་གནས་ཚད་མཐོ་བ་བེད་སྤྱོད་བཏང་སྟེ་སྣོད་བཅུད་གཉིས་ཀར་ཉེན་ཁ་ཆུང་བ་བཟོ་རྒྱུ་དང། ས་གནས་མི་མང་ཚོའི་བདེ་དོན་དང་སྤྱི་ཚོགས་འཆམ་མཐུན་ཡོང་དགོས་ཀྱང། འདས་པའི་ལོ་ངོ་བཅུ་ཕྲག་རིང་རྒྱ་མའི་གཏེར་ཁ་སྔོག་ཡུལ་ས་གནས་དེར་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེས་དབང་གིས་སྤྱི་ཚོགས་འཆམ་མཐུན་མེད་པ་མ་ཟད། ཁོར་ཡུག་ལ་གནོད་འཚེ་ཧ་ཅང་བཟོས་ཡོད།

ཕྱི་ལོ་ ༢༠༠༧ ལོར་རྒྱ་མའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་འཛིན་སྐྱོང་གཅིག་གི་འོག་བཅུག་ཡོད། དེ་སྔོན་ཁུལ་དེར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཁག་མི་འདྲ་བ་བཞི་ཡོད་སྐབས་ས་གནས་ཀྱི་ཁོར་ཡུག་འབག་བཙོག་བཟོ་བ་དང། ས་ཆའི་རྒྱུ་ཆ་ཞན་པོ་ཆགས་ནས་སྒོ་ཕྱུགས་སེམས་ཅན་རྣམས་ལ་གནོད་འཚེ་ཧ་ཅང་བཟོས་ཡོད། དེ་རྗེས་འཛིན་སྐྱོང་གཅིག་བཟོས་རྗེས་དེ་སྔའི་ཁོར་ཡུག་ལ་གནོད་གཞི་བཟོ་ཤུགས་ཆེ་རུ་ཕྱིན་ཡོད། གང་ཡིན་བརྗོད་ན། འཛིན་སྐྱོང་གཅིག་གིས་འོག་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཤུགས་ཆེ་རུ་བཏང་བ་མ་ཟད། གཏེར་ཁ་སྔོག་སའི་ས་ཁུལ་གྱི་ཁྱབ་ཚད་ཆེ་རུ་བཏང་སྟེ། ད་ཆ་ཀི་ལོ་མི་ཊར་གྲུ་བཞི་མ་ ༼༡༤༥།༥༠༽ 145.50 sq. km ས་ཁྱོན་ལ་ཁྱབ་ཡོད་པ་ནས། གཏེར་ཁ་སྔོག་འདོན་བྱེད་བཞིན་པའི་ས་ཆའི་ཁྱབ་ཚད་ཀི་ལོ་མི་ཊར་གྲུ་བཞི་མ་ ༼༧༦།༡༩༽ 76.19 sq. km ཡོད། ས་ཁྱོན་ཁྱབ་ཚད་ཀི་ལོ་མི་ཊར་གྲུ་བཞི་མ་ ༼༦༦།༤༡༽ 66.41 sq. km ཐོག་གཏེར་ཁ་འཚོལ་ཞིབ་ཀྱི་ལས་གཞི་འགྲོ་བཞིན་ཡོད། ཕྱོགས་མཚུངས་གཏེར་ཁ་སྔོག་འདོན་ཆེད་འཕྲུལ་ཆས་ཧ་ཅང་ཕོན་ཆེན་པོ་འོར་འདྲེན་བྱས་ཏེ། དེང་སྐབས་ཁུལ་དེར་གཏེར་ཁ་ཧ་ཅང་ཕོན་ཆེན་སྔོག་འདོན་བྱེད་བཞིན་ཡོད། དུས་ཚོད་ཐུང་ཐུང་ཞིག་ནང་ཁེ་བཟང་གང་མང་ཐོབ་ཆེད། རྒྱ་མའི་ས་ཁུལ་ཁག་གཅིག་ལ་ས་ཁྱོན་ཧ་ཅང་ཕོན་ཆེ་སྡེབ་བྲུས་བྱས་པ་མ་ཟད། རི་ཡོངས་རྫོགས་འབར་རྫས་ཀྱིས་སློག་སྟེ་གཏེར་ཁ་ཡོད་མེད་རྟོག་ཞིབ་བྱེད་བཞིན་ཡོད། ཐེངས་འདིར་རྒྱ་མའི་གཏེར་ཁ་སྔོག་འདོན་གྱི་ས་ཁུལ་དུ་གོད་ཆག་བྱུང་བའི་རྐྱེན་དེ་ལྟ་བུས་བྱུང་བ་ཞིག་ཡིན་སྲིད།

རྒྱ་རིགས་མི་འབོར་ཧ་ཅང་མང་པོ་བོད་དུ་གཞིས་སྤོས་བྱས་པར་བརྟེན། བོད་རིགས་ཚོར་ལས་ཀའི་གོ་སྐབས་ཀྱིས་གཙོས་ཁེ་ཕན་གཞན་རག་རྒྱུའི་ཐོབ་ཐང་ཡང་ཧ་ཅང་ཉུང་དུ་འགྲོ་བཞིན་ཡོད། ཐེངས་འདིར་རི་ཉིལ་གྱི་གོད་ཆག་འོག་བོད་རིགས་གཉིས་ལས་གཞན་རྣམས་ཡུ་ནན་དང་ཀན་སུའུ། སི་ཁྲོན་བཅས་ནས་ཡོང་བའི་རྒྱ་རིགས་ཤ་སྟག་ཡིན་པ་ལས་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པ་གསལ་པོ་ཆགས་ཡོད། དེང་སྐབས་རྒྱ་ནག་གཞུང་གིས་རྒྱ་མའི་ས་ཁུལ་དུ་གཏེར་ཁ་སྔོག་འདོན་ཆེད་ས་གནས་བོད་མི་ཞིང་པ་དང་འབྲོག་པ་མང་པོ་ཞིག་གནས་སྤོ་བྱེད་བཅུག་ནས་ས་ཞིང་བཙན་འཕྲོག་བྱེད་བཞིན་ཡོད། རྒྱ་མའི་ཁུལ་དུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས་ཁོར་ཡུག་ལ་འབག་བཙོག་བཟོས་ཏེ་རྒྱུག་ཆུ་དང་ས་འོག་འཐུང་ཆུ་སོགས་ཀྱིས་མི་ཕྱུགས་གཉིས་ལ་གནོད་འཚེ་ཧ་ཅང་བཟོ་བཞིན་ཡོད།

ཕྱི་ལོ་ ༢༠༠༨ ལོར་རྒྱ་མིའི་གཏེར་ཁ་སྔོག་འདོན་བྱེད་མཁན་བཟོ་གྲྭ་ཞིག་གིས་རྒྱ་མའི་ས་ཁུལ་དུ་ཆུ་ཁ་འགྱུར་ཆེད་ས་ཞིང་མང་པོ་གཞུང་བཞེས་བཏང་ཡོད། དེ་བཞིན་རྒྱ་མ་ཤང་ཆུར་གཏེར་ཁ་སྔོག་འདོན་གྱིས་འབག་བཙོག་བཟོས་ཏེ་སྒོ་ཕྱུགས་སེམས་ཅན་མང་པོ་ཤི་ཡོད། ས་གནས་བོད་མི་ཚོས་རྒྱ་མ་ཤང་གི་ས་གནས་ལས་ཁུངས་ལ་ཞུ་སྙན་ཕུལ་ཏེ། གཏེར་ཁ་སྔོག་འདོན་གྱི་ལས་གཞི་འཕྲལ་མར་མཚམས་འཇོག་དགོས་པའི་རེ་འདུན་འདོན་སྐབས། ས་གནས་ཡོངས་རྫོགས་ལ་དྲག་ཆས་དམག་མི་ཕོན་ཆེ་བཀྲམ་སྟེ་ས་གནས་བོད་མི་རྣམས་ལ་དམ་བསྒྲགས་ཧ་ཅང་བྱས་ཡོད། དེར་བརྟེན་ཕྱི་ལོ་ ༢༠༠༩ ལོར་ས་གནས་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས་རྒྱ་ནག་གཞུང་གིས་ཉེས་རྡུང་བཏང་སྟེ་བོད་མི་གསུམ་ལ་རྨས་སྐྱོན་ཚབས་ཆེ་བཟོས་ཡོད།
རྒྱ་མའི་གཏེར་ཁ་སྔོག་འདོན་ལས་གཞི་དེ་མིག་དཔེ་ལྡན་པ་ཞིག་བཟོ་རྒྱུ་ལྟ་གཞོག གཏེར་ཁ་སྔོག་འདོན་བྱས་པའི་ཉེར་ལེན་ལ་བརྟེན་ནས། ཁོར་ཡུག་དང་སྤྱི་ཚོགས་སོགས་ལ་གནོད་འཚེ་ཧ་ཅང་ཕོག་པའི་བོད་ཀྱི་ས་ཁུལ་ཁག་ ༢༠༠ ལྷག་ཡོད་པའི་ནང་ནས་གཅིག་རྒྱ་མ་གཏེར་ཁ་སྔོག་འདོན་གྱི་ས་ཁུལ་དེ་ཆགས་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཁོར་ཡུག་ཚན་པས་རྒྱ་ནག་གཞུང་གིས་ཐེངས་འདིར་རྒྱ་མའི་ནང་གཏེར་ཁ་སྔོག་འདོན་བྱེད་མཁན་རྒྱ་མི་སྒེར་གྱི་བཟོ་གྲྭ་ཧྭ་ཏེ་ལོང་ (Huatailong Mining Development Co. Ltd) ཞེས་པའི་ལས་གཞིའི་འོག་གོད་ཆག་བྱུང་བའི་གནས་ཚུལ་ངོ་མ་ཇི་ཡིན་དང། གོད་ཆག་བྱུང་དགོས་པའི་གཙོ་བོའི་རྒྱུ་རྐྱེན་གང་ཡིན་རྣམས་སྦས་གསང་མེད་པའི་ཐོག་ནས་གསལ་བཤད་གནང་རྒྱུ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་སྲིད་བྱུས་ཇི་འདྲ་ཞིག་ལག་བསྟར་བྱེད་སྐབས། ས་གནས་བོད་རིགས་རྣམས་ལ་སྤྱི་ཚོགས་དང་ཁོར་ཡུག་སོགས་ཀྱི་གནད་དོན་ཐོག་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་དང། རྒྱ་རིགས་སྤོ་ཤུགས་མཚམས་འཇོག་དང་ཁོར་ཡུག་གཏོར་བཤིག་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་རེ་འདུན་ཤུགས་ཆེ་འདོན་རྒྱུ་ཡིན། ཞེས་གསུངས་ཡོད་པ་བཅས།།
25 Dec 2013

2 མཆན།:

  1. ༢༠༠༩ ཕྱི་ཟླ་ ༨ ཚེས་ ༡༨ རེས་མིག་དམར།

    ༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ཕྱོགས་སུ་ཡོད་པའི་མལ་དྲོ་གུང་དཀར་རྫོང་ཁོངས་སུ་ཕྱི་ལོ་ ༢༠༠༩ སྤྱི་ཟླ་ ༦ ཚེས་ ༢༠ ཉིན་རྒྱ་མི་གཏེར་ཁ་སྔོག་འདོན་བྱེད་མཁན་གྱིས་ཡུལ་ཆུ་བཀག་སྟེ་ཡུལ་མིར་ཞིང་ཆུ་གཏོང་མི་ཐུབ་པའི་དཀའ་ངལ་འཕྲད་རྗེས་ས་གནས་ཡུལ་མི་དང་རྒྱ་མི་གཏེར་ཁ་སྔོག་འདོན་བྱེད་མཁན་དབར་འཁྲུག་རྩོད་བྱུང་སྟེ་བོད་མི་གསུམ་ལ་རྨས་སྐྱོན་ཚབས་ཆེ་ཕོག་པ་དང་། ཟླ་ ༦ ཚེས་ ༢༡ ཉིན་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་བྱེད་ས་གནས་སུ་ཡོང་སྐབས་མང་ཚོགས་རྣམས་ནས་དགོས་འདུན་བཏོན་པ་གཙོ་བོ་ནི་རྒྱ་མི་གཏེར་ཁ་འདོན་མཁན་རྣམས་ལུང་པ་དེ་ནས་ཕྱིར་ལོག་བྱེད་དགོས་པ་དང་། ཁོང་ཚོ་ང་ཚོའི་ལུང་པར་སླེབས་པ་ནས་བཟུང་འཐུང་ཆུ་དུག་ཆུར་གྱུར་བ་དང་། ཆུ་མིག་སྐམ་པ། རྩ་ཤིང་རི་དྭགས་རྩ་མེད་བཏང་བ། ཞིང་འབྲོག་གི་སྒོ་ཕྱུགས་སེམས་ཅན་ཆིག་སྟོང་ལྷག་དུག་ཆུ་བཏུངས་ཏེ་ཤི་ཡོད་པ་སོགས་ཀྱི་སྐོར་མང་ཚོགས་ཚོས་ངུ་བཞིན་ཞུ་འབོད་བྱས་ཡོད་སྟབས། དེ་མཇུག་ཉིན་གཅིག་གི་རྗེས་རྒྱ་མི་གཏེར་འདོན་པ་རྣམས་ས་གནས་ནས་ཕྱིར་ལོག་བྱས་རྗེས་རྫོང་ནས་ལས་དོན་ཚོགས་ཆུང་བཏང་སྟེ་ཁྱིམ་ཚང་རེ་རེ་བྱས་ཏེ་གཏེར་ཁ་སྔོག་འདོན་བཀག་འགོག་བྱ་མི་ཆོག་པ་དང་། རྗེས་སུ་གནས་ཚུལ་དེ་ལྟར་བྱུང་ཚེ་ཆབ་སྲིད་ཐོག་ཐག་གཅོད་བྱ་རྒྱུ་ལས་གཞན་འགྲོ་ས་མེད་པའི་སྐོར་འཇིགས་བསྐུལ་བྱས་ཡོད་པ་མ་ཟད། གཏེར་འདོན་ལས་གྲྭས་གནོད་སྐྱོན་བྱུང་བ་རྣམས་ལ་གུན་གསབ་སྤྲོད་རྒྱུ་སོགས་བཤད་ཡོད་ཀྱང་། ཉེ་ཆར་མལ་དྲོ་རྒྱ་མ་ཤང་ཁོངས་ཀྱི་རུ་ཁག་བཅོ་ལྔ་ཡོངས་རྫོགས་ནས་བསམ་འདུན་གཅིག་གྱུར་གྱིས་གཏེར་འདོན་ལས་གྲྭ་མཚམས་འཇོག་ཡོང་བའི་སྙན་ཞུ་ཞིག་མལ་དྲོ་གུང་དཀར་རྫོང་ལ་སླར་ཡང་ཕུལ་ཏེ་བརྡ་ལན་ཡོང་རྒྱུར་རེ་སྒུག་བྱས་ཡོད་ཀྱང་། རྒྱ་གཞུང་ནས་དེ་ལས་ལྡོག་སྟེ་ད་ལྟ་ས་གནས་དེར་དམག་མི་ཤུགས་ཆེ་བཀྲམ་ཡོད་པ་མ་ཟད། ཁ་དཔར་སོགས་འབྲེལ་ལམ་བྱ་རྒྱུ་དང་ཕྱི་ཕྱོགས་ནས་ས་གནས་དེར་ཡོང་བའི་འགྲུལ་པར་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་འདུག

    ད་ལྟའི་ཆར་ས་གནས་སུ་དམག་མིའི་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་ཐོག་ས་གནས་རྒྱ་གཞུང་ནས་དངུལ་དངོས་སྤྲད་དེ་གསོ་སྐྱོང་བྱས་པའི་མི་སྣ་ཧུར་བརྩོན་ཅན་ཁག་གཅིག་གིས་མང་ཚོགས་ལ་འཇམ་རྩབ་གཉིས་ཐོག་ནས་གཏེར་འདོན་ལས་གྲྭ་འགོ་འཛུགས་བྱེད་བཅུག་དགོས་པའི་སྐུལ་སློང་བྱེད་བཞིན་ཡོད་འདུག་པ་དང་། ས་གནས་མང་ཚོགས་ཚོས་གོ་སྐབས་དེ་དང་བསྟུན་ནས་རྒྱལ་སྤྱིའི་སྟེང་གི་ཁོར་ཡུག་ཚོགས་པ་དང་། འཕྲོད་བསྟེན་ལྟ་རྟོག་ཚོགས་པ་སོགས་ནས་ཁོང་ཚོའི་རེ་འབོད་དེ་དག་ལ་རྒྱབ་སྐྱོར་གྱིས་ས་གནས་མི་མང་ལ་ཕན་ཐོགས་མེད་པའི་གཏེར་འདོན་ལས་གྲྭ་དེ་གང་མགྱོགས་མཚམས་འཇོག་ཡོང་ཐབས་ལ་རེ་བ་ཆེན་པོ་བྱེད་བཞིན་ཡོད་འདུག

    ཡིན་ནའང་མལ་དྲོ་གུང་དཀར་རྫོང་འབྲེལ་ཡོད་ཚན་པས་མང་ཚོགས་ཀྱི་སྙན་ཞུར་ད་བར་ཡ་ལན་གང་ཡང་སྤྲད་མེད་པའི་གནས་ཚུལ་ཐོན་བཞིན་འདུག

    ReplyDelete
  2. འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱུན་རིང་ནས་མལ་གྲོ་གུང་དཀར་རྒྱ་མ་ཤང་ནས་རྒྱ་ནག་གི་གཏེར་བཏོན་ཚོང་གཉེར་ཚན་པས་གཏེར་ཁ་སྔོག་ནས་ཡོད་པ་དང་། ས་གནས་ཀྱི་མང་ཚོགས་ལ་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་པའི་ཐོག་སྤྱི་ཟླ་༩ཚེས་༡༢ཉིན་རྒྱ་མ་ཤང་ཁོངས་སུ་ཡོད་པའི་གྲོང་ཚོ་བཞིའི་ཁྱིམ་དུད་༢༠༠ལྷག་ཙམ་ཞིག་བཙན་ཤེད་ངང་གཅིག་གྱུར་གྱིས་སྐྲུན་པའི་གཞིས་ཆགས་ཁང་པའི་ནང་སྤོ་བཅུག་ཡོད་འདུག གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། རྒྱ་མ་ཤང་གི་གྲོང་ཚོའི་བཞིའི་མང་ཚོགས་ཚོ་འབྲོག་པ་ཡིན་ཞིང་གཏེར་བཏོན་ཚན་པ་ནས་གལ་ཏེ་གནས་སྤོས་མ་བྱས་ཚེ་ཁང་པ་བཤིག་རྒྱུ་ཡིན་པ་བརྗོད་དེ་རང་དབང་མེད་པར་རང་ཁྱིམ་ནས་གནས་སྤོ་བྱ་དགོས་བྱུང་འདུག སྐབས་དེ་དུས་གྲོང་ཚོ་བཞིའི་འབྲོག་པ་མང་ཚོགས་ནས་ཞུ་འབོད་བྱས་སྐབས་མལ་གྲོ་གུང་དཀར་རྫོང་ནས་མཚོན་ཆ་ཐོགས་པའི་དྲག་ཆས་ཉེན་རྟོག་པ་དང་ལྕགས་ཁྲབ་མོ་ཊ་སླེབས་ཏེ་མི་༢༠ཙམ་འཛིན་བཟུང་བྱས་ཐོག་ད་དུང་ལས་བྱེད་པ་མངགས་གཏོང་གིས་གནས་ཚུལ་ཕྱི་ལ་བཤད་མི་ཆོག་པ་བརྗོད་འདུག ཡང་འཛིན་བཟུང་བྱས་པའི་མི་སྣ་མལ་གྲོ་གུང་དཀར་གྱི་བཀག་ཉར་ཁང་དུ་བཅུག་པ་མ་ཟད། ཉེས་རྡུང་དྲག་པོ་བཏང་ཡོད་ལ། གཟའ་འཁོར་གཅིག་རྗེས་མི་ཉི་ཤུ་ལྷག་ཙམ་གློད་བཀྲོལ་ཐོབ་ན་ཡང་ཉེས་རྡུང་གི་རྐྱེན་སྨན་ཁང་དུ་སྐྱོད་དགོས་བྱུང་འདུག་ལ། གྲོང་ཚོའི་འགོ་ཁྲིད་བསམ་གཏན་ཟེར་བ་ཞིག་ད་ལྟ་ཀློད་གྲོལ་ཐོབ་མིན་དང་། ཡང་ན་ཉེས་ཆད་ཇི་ཙམ་བཏང་མིན་ཤེས་རྟོགས་མི་འདུག
    གཏེར་བཏོན་ཚན་པ་ནས་གཞིས་ཆགས་བྱ་ཡུལ་ཁང་པ་གསར་རྒྱག་བྱས་ཡོད་ན་ཡང་འབྲོག་པ་ཚོར་ས་ཆ་མེད་པའི་ཐོག་ཕྱུག་རིགས་འཚོ་ས་མེད་པ་དང་། མ་འོངས་བར་འཚོ་བའི་རྟེན་ས་མེད་པར་གྱུར་ཡོད་འདུག་ལ། ད་ཐེངས་བོད་མི་ཚོས་ཞུ་འབོད་བྱས་པའི་སྐབས་ཁྱིམ་ཚང་༢༠༠ལྷག་ཙམ་གྱིས་དེ་སྔ་བོད་ཀྱི་ju longཟངས་གཏེར་ཚོང་གཉེར་ཁང་ནས་ཁས་ལེན་བྱས་པ་ཁག་ལག་ལེན་བསྟར་དགོས་པ་བརྗོད་ཡོད་ཅིང་། དེའི་ནང་༢༠༡༠ལོར་ཁས་ལེན་བྱས་པའི་༢༠༡༣་ལོ་ནས་མ་འོངས་ལོ་༥༠ནང་མི་རེར་ལོ་ལྟར་སྒོར་༩༠༠༠སྤྲོད་རྒྱུ་དང་། རྒས་ཁོག་དང་ཕྲུ་གུར་ལྟ་རྟོགས་བྱ་རྒྱུ། གཞོན་སྐྱེས་ལ་ལས་ཀ་སྤྲོད་རྒྱུ་སོགས་ལག་བསྟར་དགོས་པ་བརྗོད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གཞོན་སྐྱེས་ལ་ལས་ཀ་སྤྲོད་ཕྱོགས་ཐད་བོད་པས་གཏེར་རྡོ་མོ་ཊ་གཅིག་དབོར་བར་སྒོར་༧༠དང་རྒྱ་མིར་སྒོར་༤༠༠སྤྲད་ཀྱི་ཡོད་འདུག

    ReplyDelete

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.