
དྲི་བ། སྐྱབས་འགྲོའི་གོ་དོན་གང་ཡིན་ནམ།
ལན། སྡུག་བསྔལ་ལས་འཇིགས་ཤིང་སྐྲག་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པ་ཡིད་ཆེས་པའི་དད་པ་དེ་ཡིན།
དྲི་བ། སྐྱབས་འགྲོ་ལ་ག་ཚོད་ཡོད་དམ།
ལན། ལུས་ཀྱི་སྐྱབས་འགྲོ། ངག་གི་སྐྱབས་འགྲོ། ཡིད་ཀྱི་སྐྱབས་འགྲོ་གསུམ་དུ་དབྱེ་བ་དང༌། ཡང་ཐེག་ཆེན་གྱི་སྐྱབས་འགྲོ། ཐེག་དམན་གྱི་སྐྱབས་འགྲོ་གཉིས་སུ་དབྱེ་བ་ཡང་ཡོད།
དྲི་བ། ལུས་ཀྱི་སྐྱབས་འགྲོ་ཟེར་ན་གང་ཞིག་ལ་ཟེར།
ལན། དད་པ་རྣམ་པར་དག་པ་ཞིག་གིས་ཀུན་ནས་སློང་ཏེ་སྐྱབས་གསུམ་གང་ཡང་རུང་བ་ཞིག་ལ་ལུས་ཀྱི་ཕྱག་འཚལ་བ་དང༌། ལུས་ཀྱི་རྣམ་འགྱུར་གྱིས་གུས་བཏུད་བྱེད་པར་ཟེར།
དྲི་བ། ངག་གི་སྐྱབས་འགྲོ་ཟེར་ན་གང་ཞིག་ལ་ཟེར།
ལན། དད་པ་རྣམ་པར་དག་པས་ཀུན་ནས་སློང་ཏེ་ངག་ནས་སྐྱབས་འགྲོ་བཞི་སྐོར་སོགས་འདོན་པར་ཟེར།
དྲི་བ། ཡིད་ཀྱི་སྐྱབས་འགྲོ་ཟེར་ན་གང་ཞིག་ལ་ཟེར།
ལན། དད་པས་ཀུན་ནས་སློང་ཏེ་སེམས་གཏིང་ནས་མཆོག་གསུམ་ལ་རེ་བལྟོས་བྱེད་པའི་སེམས་བྱུང་ཞིག་ལ་ཟེར།
དྲི་བ། ཐེག་ཆེན་གྱི་སྐྱབས་འགྲོ་ཟེར་ན་གང་ཞིག་ལ་ཟེར།
ལན། རང་གཞན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་འཇིགས་ཤིང་སྐྲག་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པ་ཡིད་ཆེས་པའི་དད་པ་ལ་ཟེར།
དྲི་བ། ཐེག་དམན་གྱི་སྐྱབས་འགྲོ་ཟེར་ན་གང་ཞིག་ལ་ཟེར།
ལན། རང་ཉིད་འཁོར་བའི་སྡུག་བསྔལ་ལས་འཇིགས་ཤིང་སྐྲག་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པ་ཡིད་ཆེས་པའི་དད་པར་ཟེར།
དྲི་བ། སྐྱབས་ཡུལ་དཀོན་མཆོག་གསུམ་དེ་གང་ཡིན་ནམ།
ལན། སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་དང་གསུམ་ཡིན།
དྲི་བ། སངས་རྒྱས་དཀོན་མཆོག་གི་གོ་དོན་གང་ཡིན་ནམ།
ལན། རང་གཞན་གྱི་དོན་གཉིས་མཐར་ཕྱིན་པའི་སྐྱབས་གནས་མཐའ་ཐུག
དྲི་བ། ཆོས་དཀོན་མཆོག་གི་གོ་དོན་གང་ཡིན་ནམ།
ལན། འགོག་ལམ་གང་རུང་གིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་དེ་ཡིན།
དྲི་བ། དགེ་འདུན་དཀོན་མཆོག་གི་གོ་དོན་གང་ཡིན་ནམ།
ལན། རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་འཕགས་པའི་གང་ཟག་དེ་ཡིན།
དྲི་བ། སྐྱབས་འགྲོའི་རྒྱུ་གཉིས་དེ་གང་ཡིན་ནམ།
ལན། འཁོར་བའི་སྡུག་བསྔལ་ལ་འཇིགས་སྐྲག་དང༌། དཀོན་མཆོག་གསུམ་ལ་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་ཡོད་པ་ཡིད་ཆེས་པ་གཉིས་ཡིན།
དྲི་བ། དཀོན་མཆོག་གསུམ་དེ་གང་དང་འདྲ་བ་ཡིན་ནམ།
ལན། སངས་རྒྱས་དཀོན་མཆོག་སྨན་པ་འདྲ་བ། ཆོས་དཀོན་མཆོག་སྨན་འདྲ་བ། དགེ་འདུན་དཀོན་མཆོག་ནད་
གཡོགས་དང་འདྲ་བ་ཡིན།
དྲི་བ། དད་པའི་ངོ་བོ་གང་ཡིན་ནམ།
ལན། སེམས་རྒྱུད་ཉོན་མོངས་པའི་རྙོགས་པ་དང་བར་བྱེད་པའི་ལས་ཅན་གྱི་སེམས་བྱུང་ཞིག་ལ་ཟེར།
དྲི་བ། དད་པ་ལ་ག་ཚོད་ཡོད་དམ།
ལན། དང་བའི་དད་པ། མངོན་འདོད་ཀྱི་དད་པ། ཡིད་ཆེས་ཀྱི་དད་པ་དང་གསུམ་ཡོད།
དྲི་བ། དང་བའི་དད་པ་ཟེར་ན་གང་ཞིག་ལ་ཟེར་རམ།
ལན། ཕན་བདེ་འབྱུང་གནས་ཁྱད་པར་ཅན་གྱི་ཡོན་ཏན་དང་དེ་དང་འདྲ་བའི་ཡོན་ཏན་ཅན་ལ་དམིགས་པའི་དགའ་བ་ལྟ་བུ་ལ་ཟེར།
དྲི་བ། མངོན་འདོད་ཀྱི་དད་པ་ཟེར་ན་གང་ཞིག་ཟེར་རམ།
ལན། ཕན་བདེ་འབྱུང་གནས་ཀྱི་ཡོན་ཏན་ཁྱད་པར་ཅན་རྣམས་ཐོབ་པར་འདོད་པ་ལྟ་བུ།
དྲི་བ། ཡིད་ཆེས་ཀྱི་དད་པ་ཟེར་ན་གང་ཞིག་ལ་ཟེར་རམ།
ལན། དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་ཤིང་རྟོན་པ་ལྟ་བུ་ལ་ཟེར།
དྲི་བ། སྐྱབས་འགྲོའི་བསླབ་བྱ་ལ་གསུམ་དེ་གང་ཡིན་ནམ།
ལན། སྤང་བྱ་གསུམ། བསྒྲུབ་བྱ་གསུམ། ཆ་མཐུན་གསུམ་བཅས་ཡིན།
དྲི་བ། སྤང་བྱ་གསུམ་དེ་གང་ཡིན་ནམ།
ལན། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་གཞན་ལ་སྐྱབས་འགྲོ་མི་བྱེད་པ། ཆོས་ལ་སྐྱབས་སུ་སོང་ནས་ སེམས་ཅན་ལ་གནོད་འཚེ་སྤང་བ། དགེ་འདུན་ལ་སྐྱབས་སུ་སོང་ནས་རྒྱལ་བའི་བསྟན་པ་དང་སྟོན་པ་རྫོགས་པའི་
སངས་རྒྱས་ལ་མི་དད་པའི་སྐྱེས་བོ་དག་དང་མཉམ་དུ་མི་འགྲོགས་པ་དང་གསུམ་ཡིན།
དྲི་བ། བསྒྲུབ་བྱ་གསུམ་དེ་གང་ཡིན་ནམ།
ལན། སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུའི་རྟེན་ཆག་དུམ་ཡན་ཆད་ལ་དེ་དངོས་ཀྱི་འདི་ཤེས་བསྐྱེད་དེ་དད་གུས་དང་དག་སྣང་བྱ་བ་དང༌། ཆོས་ལ་སྐྱབས་སུ་སོང་ནས་གསུང་རབ་ཀྱི་ཡི་གེ་ན་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བསྐྱེད་དེ་དད་གུས་དང་དག་སྣང་བྱ་བ། དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་གྱི་རྟེན་ལྷན་པ་དམར་སེར་ཡན་ཆད་ལ་དེ་ཉིད་དངོས་ཀྱི་འདུ་ཤེས་བཞག་ནས་དད་གུས་དང་དག་སྣང་བྱ་བ་བཅས་གསུམ་ཡིན།
དྲི་བ། ཆ་མཐུན་གསུམ་དེ་གང་ཡིན་ནམ།
ལན། ད་ལྟ་རང་ལ་བླང་དོར་གྱི་གནས་སྟོན་པའི་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་ཞབས་ཏོག་དང་བསྙེན་བཀུར་བྱ་བ་དང༌། བླ་མ་དམ་པ་དེས་བཀའ་ཇི་ལྟར་སྩལ་བའི་གསུང་རྣམས་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་ཅི་གསུངས་དང་དུ་བླང་ཞིང་གསུང་གི་ཟུར་ཙམ་ཡང་མི་བཅག་པ། བླ་མའི་འཁོར་དང་རང་གི་ཆོས་གྲོགས་རྣམས་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ་སྒོ་གསུམ་གུས་པས་བསྟེན་ཞིང་མི་མཉེས་པ་སྐད་ཅིག་ཀྱང་མི་བྱ་བ་བཅས་གསུམ་ཡོད།
དྲི་བ། སྐྱབས་སུ་སོང་བའི་་ཕན་ཡོན་བརྒྱད་དེ་གང་ཡིན་ནམ།
ལན། ནང་པའི་གྲལ་དུ་ཚུད་པ། སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པ། སྔར་བྱས་ཀྱི་སྡིག་པ་ཐམས་ཅད་ཟད་པར་འགྱུར་བ། ཚོགས་གཉིས་རྒྱ་ཆེན་པོ་དང་ལྡན་པ་འགྱུར་བ། མི་དང་མི་མ་ཡིན་པའི་བར་ཆད་ཀྱིས་མི་ཚུགས་པ། བསམ་པའི་དོན་ཐམས་ཅད་འགྲུབ་པ། ངན་སོང་དུ་མི་ལྟུང་བ། མྱུར་དུ་མངོན་པར་རྫོགས་པ་སངས་རྒྱས་པ་འགྱུར་བ་དང་བརྒྱད་ཡིན།
ཡག་པོ་རེད།
ReplyDelete